ལེའུ་བཅོ་བརྒྱད་པ།
མི་ཀ་ཡཱས་ཨ་ཧབ་ལ་དྲན་སྐུལ་བྱས་པ།
1 ཡེ་ཧོ་ཤ་ཕད་ལ་རྒྱུ་ནོར་དང་གཟི་བརྗིད་ཆེན་པོ་ལྡན་པར་གྱུར་ཅིང་ཨ་ཧབ་དང་གཉེན་འབྲེལ་བྱས་ཏེ། 2 ལོ་ཁ་ཤས་ཀྱི་རྗེས་སུ་ཁོང་ཉིད་སཱ་མར་ཡ་རུ་ཨ་ཧབ་ཀྱི་དྲུང་དུ་ཕྱིན་པ་དང་། ཨ་ཧབ་ཀྱིས་ཁོང་དང་ཁོང་མཉམ་དུ་ཡོད་པའི་མི་རྣམས་ཀྱི་དོན་དུ་ལུག་དང་གླང་མང་པོ་བཤས་ཏེ། ཡང་ཁོ་དང་མཉམ་དུ་སོང་ནས་གིལ་ཨད་ཀྱི་རཱ་མོད་ལ་དམག་རྒྱག་པའི་ཕྱིར་བསྐུལ་ཏོ། ། 3 ཡེས་ར་ཨེལ་གྱི་རྒྱལ་པོ་ཨ་ཧབ་ཀྱིས་ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཤ་ཕད་ལ་ན་རེ། ཁྱེད་རང་ང་དང་མཉམ་དུ་གིལ་ཨད་ཀྱི་རཱ་མོད་ལ་དམག་རྒྱག་ཏུ་འགྲོའམ་ཞེས་དྲིས་པར། ཁོང་གིས་དེའི་ལན་དུ། འུ་གཉིས་བར་ལ་ཁྱོད་དང་ང་ཞེས་འགེར་རྒྱུ་མེད་དེ། ངའི་མི་རྣམས་ཁྱེད་ཀྱི་མི་ཡིན་པས། བདག་གིས་ཁྱེད་དང་མཉམ་དུ་དམག་རྒྱག་པར་བྱའོ་ཞེས་སྨྲས། 4 ཡེ་ཧོ་ཤ་ཕད་ཀྱིས་ཡང་ཡེས་ར་ཨེལ་གྱི་རྒྱལ་པོ་ལ། ཁྱེད་ཀྱིས་སྔོན་ལ་དཀོན་མཆོག་ཡ་ཝཱེ་ལ་བཀའ་འདྲི་ཞུས་ཤིག་ཅེས་བསྐུལ་ཏོ། ། 5 ཡེས་ར་ཨེལ་གྱི་རྒྱལ་པོས་ལུང་སྟོན་པ་བཞི་བརྒྱ་བསྡུས་ནས་དེ་དག་ལ་ན་རེ། རང་ཅག་གིལ་ཨད་ཀྱི་རཱ་མོད་ལ་དམག་རྒྱག་ཏུ་འགྲོ་རུང་ངམ་མི་རུང་ཞེས་དྲིས་པ་དང་། དེ་དག་གིས། ཁྱེད་རང་ཡར་ཕེབས་ཤིག དཀོན་མཆོག་གིས་ཡུལ་དེའི་རྒྱལ་པོ་ཁྱེད་ཀྱི་ཕྱག་ཏུ་སྩོལ་བར་འགྱུར་ཞེས་སྨྲས། 6 དེར་ཡེ་ཧོ་ཤ་ཕད་ཀྱིས། འདིར་དཀོན་མཆོག་ཡ་ཝཱེའི་ལུང་སྟོན་པ་གཞན་ཡང་ཡོད་པ་མ་ཡིན་ནམ། རང་ཅག་གིས་ཁོང་ལ་བཀའ་འདྲི་ཞུས་ན་ཅིས་མི་ཆོག་ཅེས་སྨྲས་པར། 7 ཡེས་ར་ཨེལ་གྱི་རྒྱལ་པོས་ཡེ་ཧོ་ཤ་ཕད་ལ་ན་རེ། ད་དུང་མི་ཞིག་ཡོད་དེ། ཁོ་ནི་ཨིམ་ལཱའི་བུ་མི་ཀ་ཡཱ་བྱ་བ་ཡིན་ནོ། །ང་ཚོས་ཁོ་རང་བརྒྱུད་ནས་དཀོན་མཆོག་ཡ་ཝཱེའི་ཐུགས་བརྟག་ཞུ་ནུས་ཀྱང་། དེས་ང་ལ་གནང་བའི་ལུང་བསྟན་ནི་ནམ་ཡིན་ཡང་གཏམ་ངན་ལས་གཏམ་བཟང་མེད་པས། ང་དེ་ལ་སྡང་ངོ་ཞེས་སྨྲས་པར། ཡེ་ཧོ་ཤ་ཕད་ན་རེ། རྒྱལ་པོ་ཁྱེད་ཀྱིས་འདི་འདྲ་མི་གསུང་རོགས་ཞེས་སྨྲས། 8 དེ་ནས་ཡེས་ར་ཨེལ་གྱི་རྒྱལ་པོས་ཉུག་རུམ་པ་ཞིག་བོས་ནས་ན་རེ། མྱུར་དུ་སོང་ལ་ཨིམ་ལཱའི་བུ་མི་ཀ་ཡཱ་ཁྲིད་ཤོག་ཅེས་བསྒོས། 9 དེའི་དུས་སུ་ཡེས་ར་ཨེལ་གྱི་རྒྱལ་པོ་དང་ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཤ་ཕད་གཉིས་པོས་རང་གི་ན་བཟའ་མནབས་ཏེ། སཱ་མར་ཡའི་མཁར་སྒོ་མདུན་གྱི་ཐང་ཆེན་དུ་རང་རང་གི་ཁྲི་ལ་བཞུགས་ཤིང་། ལུང་སྟོན་པ་ཐམས་ཅད་ཀྱིས་དེ་གཉིས་ཀྱི་དྲུང་ནས་ལུང་སྟོན་བཞིན་ཡོད་དེ། 10 ཀེ་ནཱ་ནའི་བུ་ཚིད་ཀི་ཡཱས་རང་གི་ཕྱིར་ལྕགས་ཀྱི་རྭ་ཅོ་འགའ་བཟོས་ཏེ་ན་རེ། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཀྱིས་ལྕགས་ཀྱི་རྭ་ཅོ་འདི་དག་གིས་ཨ་རམ་པ་རྣམས་ཚར་གཅོད་པའི་བར་དུ་བསྣུན་པར་བྱ་གསུངས་ཞེས་སྨྲས། 11 དེ་བཞིན་དུ་ལུང་སྟོན་པ་ཐམས་ཅད་ཀྱིས་ཀྱང་ལུང་བསྟན་ཏེ་ན་རེ། ཁྱེད་རང་ཡར་གིལ་ཨད་ཀྱི་རཱ་མོད་ལ་དམག་རྒྱག་ཏུ་བསྐྱོད་ཅིག་དང་། རྒྱལ་ཁ་ལོན་པར་འགྱུར་ཏེ། དཀོན་མཆོག་ཡ་ཝཱེས་གྲོང་ཁྱེར་དེ་རྒྱལ་པོའི་ཕྱག་ཏུ་གཏོད་པར་འགྱུར་བས་སོ་ཞེས་སྨྲས་སོ། ། 12 ཡང་མི་ཀ་ཡཱ་འབོད་དུ་སོང་བའི་བང་ཆེན་དེས་ཁོང་ལ་ན་རེ། གཟིགས་དང་། ལུང་སྟོན་པ་ཐམས་ཅད་ཁ་མཐུན་ནས་རྒྱལ་པོ་ལ་ལུང་བསྟན་བཟང་པོ་སྨྲ་བ་སྟེ། ཁྱེད་ཀྱིས་ཀྱང་དེ་དག་དང་འདྲ་བར་གཏམ་བཟང་གསུང་བར་མཛོད་ཅེས་ཞུས་པ་ལ། 13 མི་ཀ་ཡཱས་འདི་ལྟར། བདག་གིས་གཏན་དུ་གནས་པའི་དཀོན་མཆོག་ཡ་ཝཱེ་དཔང་དུ་བཙུགས་ནས་མནའ་སྐྱེལ་ཏེ། ངའི་དཀོན་མཆོག་གིས་ཅི་གསུངས་ན་བདག་གིས་དེ་ལྟར་སྨྲ་བར་འགྱུར་ཞེས་སྨྲས། 14 མི་ཀ་ཡཱ་རྒྱལ་པོའི་དྲུང་དུ་སླེབས་པའི་ཚེ་ན། རྒྱལ་པོས་དེ་ལ། ཀྱེ་མི་ཀ་ཡཱ། ངེད་ཅག་གིལ་ཨད་ཀྱི་རཱ་མོད་ལ་དམག་རྒྱག་ཏུ་འགྲོ་རུང་ངམ་མི་རུང་ཞེས་དྲིས་པ་དང་། ཁོང་གིས་འདི་ལྟར། ཡར་སོང་དང་རྒྱལ་ཁ་ལོན་ངེས་ཡིན། ཁོ་རྣམས་ཁྱེད་ཅག་གི་ལག་ཏུ་སྤྲོད་པར་འགྱུར་ཞེས་སྨྲས་པ་ལ། 15 རྒྱལ་པོ་ན་རེ། བདག་གིས་ཁྱོད་ལ་མནའ་དུ་འགེལ་བར་བྱས་ན། ཁྱོད་ཀྱིས་ད་གཟོད་དཀོན་མཆོག་ཡ་ཝཱེའི་མཚན་གྱི་སྒོ་ནས་བདག་ལ་བདེན་པ་ཁོ་ན་སྨྲའམ་ཞེས་དྲིས་པར། 16 མི་ཀ་ཡཱ་ན་རེ། བདག་གིས་ཡེས་ར་ཨེལ་པ་ཐམས་ཅད་ནི་རྫི་བོ་མེད་པའི་ལུག་ལྟར་རི་ལ་འཐོར་ཡོད་པ་མཐོང་བ་དང་། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། འདི་རྣམས་ལ་བདག་པོ་གང་ཡང་མེད་པས་ཞི་བདེའི་ངང་རང་རང་གི་ཡུལ་ལ་འགྲོ་རུ་ཆུག་ཅེས་གསུངས་ཞེས་སྨྲས་པ་ན། 17 ཡེས་ར་ཨེལ་གྱི་རྒྱལ་པོས་ཡེ་ཧོ་ཤ་ཕད་ལ། འདིས་ང་ལ་ལུང་བསྟན་ངན་པ་མ་གཏོགས་བཟང་པོ་ཞིག་སྟོན་པར་མི་འགྱུར་ཞེས་ངས་ཁྱེད་ལ་བཤད་པ་མ་ཡིན་ནམ་ཞེས་སྨྲས་པ་ན། 18 དེར་མི་ཀ་ཡཱ་ན་རེ། དེ་བས་ཁྱོད་ཀྱིས་དཀོན་མཆོག་ཡ་ཝཱེའི་བཀའ་ལ་ཉོན་དང་། དཀོན་མཆོག་ཡ་ཝཱེ་ཁོང་ཉིད་ཀྱི་བཞུགས་ཁྲི་ལ་བཞུགས་པ་དང་། ནམ་མཁའི་དཔུང་ཚོགས་ཐམས་ཅད་ནི་ཁོང་གི་གཡས་གཡོན་དུ་འགྲེང་འདུག་པ་ངས་མཐོང་བྱུང་། 19 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཡེས་ར་ཨེལ་གྱི་རྒྱལ་པོ་ཨ་ཧབ་ནི་ཡར་གིལ་ཨད་ཀྱི་རཱ་མོད་དུ་སོང་ནས་འགྱེལ་བའི་ཕྱིར་སུས་ཁོ་བསླུ་བར་བྱའམ་ཞེས་གསུངས་པའི་ལན་དུ། འདི་ལྟར་བརྗོད་མཁན་དང་དེ་ལྟར་བརྗོད་མཁན་བྱུང་ངོ་། ། 20 དེ་ནས་སེམས་ཉིད་ཅིག་ཐོན་ཞིང་དཀོན་མཆོག་ཡ་ཝཱེའི་དྲུང་དུ་འགྲེངས་ནས་འདི་ལྟར། ངས་ཁོ་བསླུ་བར་བྱ་ཞེས་ཞུས་པར། དཀོན་མཆོག་ཡ་ཝཱེས་ཁོ་ལ་ཅི་ལྟར་བསླུ་བར་བྱའམ་ཞེས་དྲིས་པ་ན། 21 དེས་འདི་སྐད་དུ། ང་རང་སོང་ནས་ཁོའི་ལུང་སྟོན་པ་ཐམས་ཅད་ཀྱི་ཁ་རུ་རྫུན་སྨྲ་བའི་སེམས་ཉིད་དུ་བྱའོ་ཞེས་ཞུས་པ་དང་། དཀོན་མཆོག་ཡ་ཝཱེས་དེ་ལ་འདི་སྐད་དུ། ཁྱོད་ཀྱིས་ཁོ་བསླུས་ནས་དོན་འགྲུབ་པར་འགྱུར་བས་སོང་ལ་དེ་བཞིན་དུ་བྱོས་ཤིག་ཅེས་བསྒོས་སོ། ། 22 ད་ནི་ལྟོས་ཤིག དཀོན་མཆོག་ཡ་ཝཱེས་ཁྱོད་ཀྱི་ལུང་སྟོན་པ་འདི་དག་གི་ཁ་རུ་རྫུན་སྨྲ་བའི་སེམས་ཉིད་བཅུག་པར་མ་ཟད། ཁོང་གིས་ཁྱོད་ལ་ཆག་སྒོ་འབྱུང་བ་ཁྱབ་བསྒྲགས་མཛད་པའོ་ཞེས་སྨྲས་པ་དང་། 23 དེ་ནས་ཀེ་ནཱ་ནའི་བུ་ཚིད་ཀི་ཡཱ་ཉེ་བར་འོངས་ནས་མི་ཀ་ཡཱ་ལ་འགྲམ་ལྕག་གཞུས་ཏེ་ན་རེ། དཀོན་མཆོག་ཡ་ཝཱེའི་ཐུགས་ཉིད་དེ་ཅི་ལྟར་ང་དང་བྲལ་ནས་ཁྱོད་ལ་གཏམ་བྱས་པ་ཡིན་ནམ་ཞེས་དྲིས་པ་ལ། 24 མི་ཀ་ཡཱ་ན་རེ། ཁྱོད་སྦུག་ཁང་དུ་འཛུལ་ནས་ཡིབ་པའི་ཉིན་མོར་དེ་མཐོང་བར་འགྱུར་ཞེས་གསུངས། 25 དེར་ཡེས་ར་ཨེལ་གྱི་རྒྱལ་པོས་འདི་ལྟར། མི་ཀ་ཡཱ་བཟུང་སྟེ་གྲོང་དཔོན་ཨ་མོན་དང་རྒྱལ་སྲས་ཡོ་ཨ་སི་ཡི་རྩར་ཁྲིད་ནས་དེ་དག་ལ། 26 རྒྱལ་པོས་འདི་ལྟར། ང་བདེ་བར་ཕྱིར་སླེབས་པའི་བར་དུ་མི་འདི་བཙོན་ལ་བཅུག་སྟེ། བཟའ་བཏུང་ཉུང་ཙམ་ལས་གང་ཡང་མ་སྟེར་བསྒོས་སོང་ཞེས་སྨྲོས་ཤིག་ཅེས་སྨྲས། 27 མི་ཀ་ཡཱ་ན་རེ། གལ་ཏེ་ཁྱོད་རང་དངོས་གནས་བདེ་བར་ཕྱིར་འོངས་ཐུབ་ན། དཀོན་མཆོག་ཡ་ཝཱེས་ང་བརྒྱུད་དེ་ཅི་ཡང་མ་གསུངས་པ་ཡིན་ཞེས་སྨྲས་པ་དང་། ཡང་མི་ཐམས་ཅད་ཀྱིས་ཉོན་ཅིག་ཅེས་བསྒོས་སོ། །
ཨ་ཧབ་གཡུལ་ངོར་གྲོངས་པ།
28 དེ་ནས་ཡེས་ར་ཨེལ་གྱི་རྒྱལ་པོ་དང་ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཤ་ཕད་གཉིས་ཡར་གིལ་ཨད་ཀྱི་རཱ་མོད་དུ་སོང་ནས། 29 ཡེས་ར་ཨེལ་གྱི་རྒྱལ་པོས་ཡེ་ཧོ་ཤ་ཕད་ལ་ན་རེ། ངས་གོས་ཆས་བསྒྱུར་ཏེ་གཡུལ་ལ་ཞུགས་དགོས། ཁྱེད་ཀྱིས་རང་གི་ན་བཟའ་གྱོན་ནས་སྡོད་ཅིག་སྨྲས་ཏེ། ཡེས་ར་ཨེལ་གྱི་རྒྱལ་པོས་གོས་ཆས་བསྒྱུར་ཏེ་ཁོ་རྣམས་གཡུལ་ལ་ཞུགས། 30 དེར་ཨ་རམ་གྱི་རྒྱལ་པོས་ཤིང་རྟའི་འགོ་དཔོན་དག་ལ་བཀའ་བབས་ཏེ་ན་རེ། ཡེས་ར་ཨེལ་གྱི་རྒྱལ་པོ་འབའ་ཞིག་མ་གཏོགས་དམག་ཆེ་ཆུང་གང་ལའང་མ་འཐབ་ཅིག་ཅེས་བསྒོས་པས། 31 ཤིང་རྟའི་འགོ་དཔོན་ཚོས་ཡེ་ཧོ་ཤ་ཕད་མཐོང་བ་དང་། འདི་ནི་ཡེས་ར་ཨེལ་གྱི་རྒྱལ་པོ་ཡིན་སྙམ་ནས་ཁ་ཕྱིར་འཁོར་ནས་ཁོང་ལ་རྒོལ་ཞིང་། ཡེ་ཧོ་ཤ་ཕད་ཀྱིས་འོ་དོད་བོས་པ་དང་། དཀོན་མཆོག་ཡ་ཝཱེས་དེ་ལ་སྐྱབས་མཛད་དེ། དཀོན་མཆོག་གིས་དགྲ་རྣམས་ཁོང་གི་མདུན་ནས་བཟློགས། 32 ཤིང་རྟའི་འགོ་དཔོན་ཚོས་དེ་ནི་ཡེས་ར་ཨེལ་གྱི་རྒྱལ་པོ་མིན་པ་ཤེས་ནས། ཁོང་མ་བདས་པར་ཕྱིར་ལོག་པ་རེད། 33 དེ་ནས་མི་ཞིག་གིས་མདའ་འཕངས་པ་ལ་མ་བསམ་ས་ནས་ཡེས་ར་ཨེལ་གྱི་རྒྱལ་པོའི་གོ་ཁྲབ་ཀྱི་མཐུད་མཚམས་སུ་ཕོག་པ་དང་། རྒྱལ་པོས་རང་གི་རྟ་པ་ལ་ན་རེ། ང་རྨས་བྱུང་བས་ཁྱོད་ཀྱིས་ཤིང་རྟ་ཁ་ལོ་སྒྱུར་དང་། ང་རང་གཡུལ་ས་ནས་ཁྲིད་ཅིག་ཅེས་བསྒོས། 34 ཉིན་དེར་དམག་འཐབ་ཛ་དྲག་ཏུ་སོང་སྟེ། ཡེས་ར་ཨེལ་གྱི་རྒྱལ་པོ་དགོང་མོའི་བར་དུ་ཤིང་རྟའི་སྟེང་ལངས་ཅི་ཐུབ་བྱས་ཏེ་ཨ་རམ་པ་ལ་འགོག་རྒོལ་བྱས་པ་དང་། ཉི་མ་ནུབ་དུས་ཙམ་ལ་རྒྱལ་པོ་ཚེ་ལས་འདས་སོ། །