ལེའུ་བཅུ་གསུམ་པ།
ཨ་བི་ཡཱ་རྒྱལ་པོར་བཞུགས་པ།
རྒྱལ་པོ་ཡེ་རོབ་ཨམ་གྱིས་རྒྱལ་སྲིད་བསྐྱངས་པའི་ལོ་བཅོ་བརྒྱད་པར། ཨ་བི་ཡཱ་ནི་ཡ་ཧུ་དཱའི་རྒྱལ་པོར་བཞུགས། ཁོང་གིས་ཡེ་རུ་སཱ་ལེམ་དུ་ལོ་གསུམ་ལ་རྒྱལ་སྲིད་བསྐྱངས་པ་དང་། ཁོང་གི་ཡུམ་ནི་གིབ་ཨ་པ་ཨུ་རི་ཨེལ་གྱི་སྲས་མོ་མི་ཀ་ཡཱ་བྱ་བ་དེ་ཡིན། ཨ་བི་ཡཱ་དང་ཡེ་རོབ་ཨམ་གཉིས་ཀྱི་བར་ལ་རྒྱུན་དུ་དམག་འཁྲུག་བྱུང་། ཐེངས་ཤིག་ལ་ཨ་བི་ཡཱས་དམག་མི་དཔའ་རྩལ་ཅན་འབུམ་བཞི་ཁྲིད་ནས་གཡུལ་འགྱེད་རྩིས་བྱས་ཤིང་། ཡེ་རོབ་ཨམ་གྱིས་ཀྱང་དམག་མི་དཔའ་རྩལ་ཅན་འབུམ་བརྒྱད་ཁྲིད་དེ་དམག་བཀྲམས་ནས་ཨ་བི་ཡཱ་ལ་རྒོལ། དེ་ནས་ཨ་བི་ཡཱ་ཡིས་ཨེ་ཕཱར་ཡིམ་གྱི་ཚེ་མཱ་ར་ཡིམ་རི་མགོར་ལངས་བསྡད་ནས་ན་རེ། ཡེ་རོབ་ཨམ་ཁྱོད་དང་ཡེས་ར་ཨེལ་པ་ཀུན་གྱིས་ང་ལ་ཉོན་དང་། ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེས་ལན་ཚྭའི་* འདིར་ལན་ཚྭ་ཞེས་པ་ནི་ཡུན་རིང་པོར་གནས་ཤིང་འཇིག་པ་མེད་པའི་དོན་ལ་འཇུགཞལ་ཆད་མཛད་དེ། ཡེས་ར་ཨེལ་གྱི་རྒྱལ་སྲིད་དེ་རྒྱུན་ནས་རྒྱུན་དུ་དཱ་བིད་དང་ཁོང་གི་བུ་རྒྱུད་རྣམས་ལ་གནང་བ་ནི་ཁྱོད་ཚོས་མི་ཤེས་སམ། འོན་ཀྱང་དཱ་བིད་ཀྱི་སྲས་སོ་ལོ་མོན་གྱི་ཞབས་ཕྱི་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་ཡར་ལངས་ཏེ་རང་གི་ཇོ་བོ་ལ་ངོ་ལོག་བྱས་ཤིང་། ཁྲེལ་མེད་ཇག་རྐུན་འགའ་ཤས་འདུས་ནས་ཁོའི་རྗེས་སུ་འབྲངས་ཏེ། སོ་ལོ་མོན་གྱི་བུ་རེ་ཧབ་ཨམ་ལ་བཙན་གྱིས་འགོག་རྒོལ་བྱས། སྐབས་དེར་རེ་ཧབ་ཨམ་ནི་ན་སོ་ཕྲ་ལ་སྙིང་སྟོབས་ཆུང་བས་དེ་དག་ལ་འགོག་རྒོལ་བྱེད་མ་ནུས། ད་ལྟ་ཁྱོད་ཚོས་དཱ་བིད་ཀྱི་བུ་རྒྱུད་ཀྱི་ལག་ཏུ་ཡོད་པའི་དཀོན་མཆོག་ཡ་ཝཱེའི་རྒྱལ་སྲིད་དེ་ལ་ངོ་རྒོལ་བྱེད་འདོད་པ་སྟེ། ཁྱོད་ཅག་ལ་མི་གྲངས་མང་ཞིང་། ཡེ་རོབ་ཨམ་གྱིས་ཁྱོད་ཚོར་ལྷ་རྟེན་དུ་བཟོས་པའི་གསེར་གྱི་བ་ཕྲུག་ཀྱང་ཁྱོད་ཅག་དང་མཉམ་དུ་ཡོད་པས་སོ། ། ཁྱོད་ཚོས་དཀོན་མཆོག་ཡ་ཝཱེའི་མཆོད་དཔོན་ཏེ་ཨ་རོན་གྱི་བུ་རྒྱུད་དང་ལེ་ཝི་པ་རྣམས་ཕྱིར་བསྐྲད་པ་མ་ཡིན་ནམ། ཁྱོད་ཚོས་འཇིག་རྟེན་ཕྱི་རོལ་པ་རྣམས་ཀྱི་ལུགས་ལྟར་རང་གི་ཆེད་དུ་མཆོད་དཔོན་བསྐོས་པ་མ་ཡིན་ནམ། སུ་ཞིག་གིས་ཀྱང་བ་གླང་གཅིག་དང་ལུག་ཐུག་བདུན་ཁྱེར་འོངས་ནས་རང་ཉིད་དམ་པར་བྱས་ན་དཀོན་མཆོག་རྫུན་མ་དེ་དག་གི་མཆོད་དཔོན་བྱེད་ཐུབ་པ་མ་ཡིན་ནམ། 10 ངེད་ཅག་ལ་མཚོན་ན། དཀོན་མཆོག་ཡ་ཝཱེ་ཁོང་ཉིད་ངེད་ཅག་གི་དཀོན་མཆོག་ཡིན་ལ། ངེད་ཅག་གིས་ཁོང་མ་སྤངས་ཏེ། ངེད་ཅག་ལ་དཀོན་མཆོག་ཡ་ཝཱེར་ཞབས་ཕྱི་བྱེད་མཁན་མཆོད་དཔོན་ཡོད་དེ། ཐམས་ཅད་ཨ་རོན་གྱི་བུ་རྒྱུད་ཡིན་པར་མ་ཟད། ལེ་ཝི་པ་རྣམས་ཀྱིས་རང་རང་གི་ལས་འགན་ཁུར་བ་ཡིན། 11 དེ་དག་གིས་ཉིན་རེའི་ནངས་དགོང་གཉིས་སུ་དཀོན་མཆོག་ཡ་ཝཱེ་ལ་སྦྱིན་སྲེག་གི་མཆོད་པ་འབུལ་བ་དང་དྲི་བསུང་གི་སྤོས་བདུག་ཅིང་། ཡང་སྒྲོག་ཙེ་དམ་པའི་སྟེང་སྤྱན་བསྟར་བག་ལེབ་བཤམ་པ་དང་། ཉིན་རེའི་དགོང་མོར་གསེར་གྱི་སྒྲོན་སྟེགས་སྟེང་གི་སྒྲོན་མེ་རྣམས་སྒྲོན་པ་ཡིན། ངེད་ཅག་གིས་རང་གི་དཀོན་མཆོག་ཡ་ཝཱེའི་བཀའ་རྣམས་བསྲུངས་མོད། འོན་ཀྱང་ཁྱོད་རྣམས་ཀྱིས་ཁོང་སྤངས་པ་ཡིན་ནོ། ། 12 ལྟོས་ཤིག དཀོན་མཆོག་ནི་ངེད་ཅག་དང་མཉམ་དུ་བཞུགས་ཤིང་ཁོང་གིས་ངེད་རྣམས་ལ་སྣེ་ཁྲིད་མཛད་པ་ཡིན། ཁོང་གི་མཆོད་དཔོན་རྣམས་ཀྱིས་དུང་བཟུང་ནས་ཁྱོད་ཅག་གི་ཕྱོགས་སུ་སྐད་ཆེན་པོར་འབུད་པའོ། །ཀྱེ་ཡེས་ར་ཨེལ་པ་རྣམས། ཁྱོད་རྣམས་ཀྱིས་རང་གི་ཕ་མེས་ཀྱི་དཀོན་མཆོག་ཡ་ཝཱེ་ལ་མ་རྒོལ་ཞིག གང་ལ་ཞེ་ན། ཁྱོད་རྣམས་ཁོང་ལས་རྒྱལ་བར་དཔེ་མི་སྲིད་དོ་ཞེས་གསུངས། 13 ཡིན་ཡང་ཡེ་རོབ་ཨམ་གྱིས་ཡ་ཧུ་དཱ་པའི་རྒྱབ་ཏུ་འཇབ་དམག་བཏང་བ་ན། ཡ་ཧུ་དཱ་པའི་མདུན་དུ་ཡེས་ར་ཨེལ་པ་རྣམས་ཡོད་པ་དང་། ཡ་ཧུ་དཱ་པའི་རྒྱབ་ཏུ་འཇབ་དམག་རྣམས་ཡོད་ལ། 14 ཡ་ཧུ་དཱ་པས་ཁ་ཕྱིར་འཁོར་ནས་བལྟས་པ་དང་རང་གི་མདུན་རྒྱབ་གཉིས་སུ་དགྲ་ཡོད་པ་མཐོང་ནས། དཀོན་མཆོག་ཡ་ཝཱེ་ལ་འོ་དོད་བོས་ཤིང་མཆོད་དཔོན་རྣམས་ཀྱིས་དུང་བུས། 15 དེ་ནས་ཡ་ཧུ་དཱ་པ་རྣམས་ཀྱིས་སྐད་ཆེན་པོས་ཀི་བཏབ་ཅིང་། ཡ་ཧུ་དཱ་པ་རྣམས་ཀྱིས་སྐད་ཆེན་པོས་ཀི་བཏབ་པ་ལ། དཀོན་མཆོག་གིས་ཡེ་རོབ་ཨམ་དང་ཡེས་ར་ཨེལ་པ་རྣམས་ཨ་བི་ཡཱ་དང་ཡ་ཧུ་དཱའི་མདུན་ནས་ཕམ་ཅིང་འབྲོ་བར་མཛད་དོ། ། 16 ཡེས་ར་ཨེལ་པ་རྣམས་ཡ་ཧུ་དཱའི་མདུན་ནས་བྲོས་ཤིང་། དཀོན་མཆོག་གིས་དེ་རྣམས་ཡ་ཧུ་དཱ་པའི་ལག་ཏུ་གཏད། 17 དེ་ནས་ཨ་བི་ཡཱ་དང་ཁོང་གི་མི་རྣམས་ཀྱིས་ཡེས་ར་ཨེལ་པ་མང་པོ་བསད་དེ། ཡེས་ར་ཨེལ་གྱི་ཁྲོད་དུ་དམག་མི་དཔའ་རྩལ་ཅན་ཁྲི་ལྔ་བཅུ་ཤིའོ། ། 18 དེའི་དུས་སུ་ཡ་ཧུ་དཱ་པ་རྣམས་ཀྱིས་རང་གི་ཕ་མེས་ཀྱི་དཀོན་མཆོག་ཡ་ཝཱེ་ལ་བརྟེན་པས་རྒྱལ་བྱུང་སྟེ། ཡེས་ར་ཨེལ་པ་རྣམས་བཏུལ་བ་རེད། 19 ཨ་བི་ཡཱས་ཡེ་རོབ་ཨམ་བདས་ནས་ཁོའི་གྲོང་ཁྱེར་འགའ་ཤས་བླངས་པ་སྟེ། པེད་ཨེལ་དང་དེའི་གྲོང་ཚོ་རྣམས་དང་། ཡེ་ཤཱ་ན་དང་དེའི་གྲོང་ཚོ་རྣམས་དང་། ཨེབ་རོན་དང་དེའི་གྲོང་ཚོ་རྣམས་སོ། ། 20 ཨ་བི་ཡཱའི་སྐུ་རིང་དུ་ཡེ་རོབ་ཨམ་ལ་ཡང་བསྐྱར་སྟོབས་འབྱོར་མ་རྒྱས་ཤིང་། དཀོན་མཆོག་ཡ་ཝཱེས་དེ་ལ་བརྡུངས་པས་ཤིའོ། ། 21 ཡིན་ཡང་ཨ་བི་ཡཱ་ལ་སྟོབས་འབྱོར་རྒྱས་ནས་ཆུང་མ་བཅུ་བཞི་བླངས་ཏེ། སྲས་ཉེར་གཉིས་དང་སྲས་མོ་བཅུ་དྲུག་འཁྲུངས། 22 ཨ་བི་ཡཱའི་མཛད་རྗེས་གཞན་རྣམས་དང་ཁོང་གི་གཏམ་སྤྱོད་རྣམས་ནི་ལུང་སྟོན་པ་ཨིད་དོའི་རྣམ་ཐར་ནང་དུ་བཀོད་ཡོད་དོ། །

*ལེའུ་བཅུ་གསུམ་པ།:5 འདིར་ལན་ཚྭ་ཞེས་པ་ནི་ཡུན་རིང་པོར་གནས་ཤིང་འཇིག་པ་མེད་པའི་དོན་ལ་འཇུག