༄༅། །ཡོ་ཧ་ནན་ལ་མངོན་པར་མཛད་པ་བཞུགས་སོ། །
འགོ་བརྗོད།
རྩོམ་པ་པོ། གཙོ་བོ་ཡེ་ཤུའི་ཉེ་གནས་ཡོ་ཧ་ནན། སྐུ་ཚབ་ཡོ་ཧ་ནན་ཡང་ཟེར།
རྩོམ་དུས། སྤྱི་ལོའི་དུས་རབས་དང་པོའི་དུས་མཇུག་ཙམ་དུ་བྲིས། (ལོ་རྒྱུས་དོན་ཆེན་རེའུ་མིག་ལ་གཟིགས་)
རྩོམ་རིག་གི་རྣམ་གྲངས། མ་འོངས་ལུང་བསྟན།
ཐོག་མའི་ཀློག་མཁན། རོ་མཱ་གོང་མའི་རྒྱལ་ཁབ་ཀྱི་ཨེ་ཞེ་ཡཱ་ཞིང་ཆེན་ལ་ཡོད་པའི་ཆོས་ཚོགས་བདུན་པོ།
ནང་དོན་གཙོ་བོ། སྤྱི་ལོའི་དུས་རབས་དང་པོའི་དུས་མཇུག་ཙམ་དུ་མཱ་ཤི་ཀ་པ་རྣམས་དད་པའི་རྐྱེན་གྱིས་མནར་གཅོད་མྱོང་ཞིང༌། སྐུ་ཚབ་ཡོ་ཧ་ནན་ས་དབུས་རྒྱ་མཚོའི་པད་མོ་ཞེས་ཟེར་བའི་གླིང་ཕྲན་དུ་རྒྱང་འབུད་བཏང༌། དེར་ཁོང་གིས་གཙོ་བོ་ཡེ་ཤུའི་ཞལ་གཟིགས་མཐོང༌། ཞལ་གཟིགས་དེའི་ནང་ལ་གཙོ་བོ་ཡེ་ཤུས་སྐུ་ཚབ་ཡོ་ཧ་ནན་ལ་ཨེ་ཞེ་ཡཱ་ཞིང་ཆེན་ལ་ཡོད་པའི་ཆོས་ཚོགས་བདུན་ལ་འཕྲིན་ཡིག་བདུན་པོ་གནང༌། དེའི་རྗེས་སུ་སྐུ་ཚབ་ཡོ་ཧ་ནན་གྱིས་ཞལ་གཟིགས་གཞན་དག་མཐོང༌། དེའི་ནང་དོན་གཙོ་བོ་ནི་འཇིག་རྟེན་གྱི་མཐའ་མའི་ཉིན་མོར་གཙོ་བོ་ཡེ་ཤུ་ཡང་བསྐྱར་འཛམ་གླིང་དུ་འབྱོན་པ་དང༌། དཀོན་མཆོག་གིས་འཆི་བ་དང་ངན་པ་རྩ་བ་ནས་མེད་པར་བཟོས་གནང་བ། གཙོ་བོ་ཡེ་ཤུ་ཡིས་དད་ལྡན་ཐམས་ཅད་དཀོན་མཆོག་གི་ཞིང་ཁམས་སུ་ཁྲིད་ནས་དེར་ཁོང་དང་མཉམ་དུ་ཚེ་དཔག་ཏུ་མེད་པར་གནས་པ་བཅས་ཡིན།
ལེའུ་དང་པོ།
ངོ་སྤྲོད་ཞུ་བ།
1 ཡེ་ཤུ་མཱ་ཤི་ཀ་ཡིས་རང་གི་ཞབས་ཕྱི་རྣམས་ལ་རིང་པོར་མ་ལོན་པར་གང་འབྱུང་དགོས་པ་དེ་སྟོན་པའི་ཕྱིར། དཀོན་མཆོག་གིས་ཡེ་ཤུ་ལ་མངོན་པར་མཛད་པ་འདི་གནང༌། ཡེ་ཤུས་རང་ཉིད་ཀྱི་ཕོ་ཉ་བརྒྱུད་ཁོང་གི་ཞབས་ཕྱི་ཡོ་ཧ་ནན་གྱི་རྩར་བཏང་གནང་བའི་སྒོ་ནས་མངོན་པར་མཛད། 2 ཡོ་ཧ་ནན་གྱིས་དཀོན་མཆོག་གི་བཀའ་དང་ཡེ་ཤུ་མཱ་ཤི་ཀས་དཔང་པོ་མཛད་པ། རང་གིས་གང་མཐོང་བ་ཐམས་ཅད་ལ་བདེན་དཔང་བྱས། 3 དུས་འདི་སླེབས་ལ་ཉེ་བས། ལུང་བསྟན་འདི་ཀློག་པ་དང་ཐོས་ཏེ། དེའི་ནང་ལ་གང་བྲིས་པ་བཞིན་སྲུང་མཁན་རྣམས་བདེ་བ་ཡིན་ནོ། །
4 ང་ཡོ་ཧ་ནན་གྱིས་ཨེ་ཞེ་ཡཱ་ཞིང་ཆེན་ལ་ཡོད་པའི་ཆོས་ཚོགས་བདུན་པོ་ལ་འཕྲིན་ཡིག་འདི་ཕུལ་ལོ། ད་ལྟ་བཞུགས་པ་དང༌། སྔར་ཡོད་པ་དང༌། རྗེས་སུ་འབྱོན་པར་འགྱུར་བ་ཁོང་དང༌། ཁོང་གི་བཞུགས་ཁྲིའི་དྲུང་དུ་ཡོད་པའི་ཐུགས་ཉིད་བདུན་པོ་དང༌། 5 བདེན་དཔང་མཛད་མཁན། གཤིན་པོ་རྣམས་ཀྱི་སྔོན་དུ་འཁྲུང་པ། འཇིག་རྟེན་རྒྱལ་པོ་རྣམས་ཀྱི་དབང་སྒྱུར་མཁན་སྟེ་ཡེ་ཤུ་མཱ་ཤི་ཀ་ནས་ཐུགས་རྗེ་དང་ཞི་བདེ་ཁྱེད་ཚོ་ལ་འཐོབ་པར་གྱུར་ཅིག
ངེད་རྣམས་ལ་བྱམས་ཤིང༌། ཉིད་ཀྱི་སྐུ་ཁྲག་གིས་ང་ཚོ་སྡིག་ཉེས་ལས་བསྒྲལ་ཏེ། 6 ང་ཚོ་ཁོང་གི་ཡབ་དཀོན་མཆོག་ལ་ཞབས་ཏོག་སྒྲུབ་པའི་མཆོད་དཔོན་གྱི་རྒྱལ་འབངས་སུ་མཛད་མཁན་ཁོང་དུས་རྒྱུན་དུ་གཟི་བརྗིད་མངའ་ཐང་དང་ལྡན་པར་གྱུར་ཅིག ཨ་མེན།
7 ལྟོས་ཤིག སྤྲིན་དང་བཅས་ཏེ་ཁོང་ཉིད་མཁའ་ལས་འབྱོན། །
ཁོང་ལ་མདུང་བཙུགས་མི་ངན་དག་དང་ནི། །
སྐྱེ་འགྲོ་ཀུན་གྱིས་དེ་ལྟར་མཐོང་བར་འགྱུར། །
རིགས་ཀུན་ཁོང་གི་དོན་དུ་སྨྲེ་སྔགས་འདོན། །
གཏམ་འདི་བདེན་ནོ། ཨ་མེན། 8 གཙོ་བོ་དཀོན་མཆོག་གིས་“ང་ནི་ཨལ་ཕཱ་དང་ཨོ་མེ་གཱ་སྟེ་ཐོག་མ་དང་མཐའ་མ་ཡིན་ལ། ད་ལྟ་བཞུགས་པ་དང༌། སྔར་ཡོད་པ་དང༌། རྗེས་སུ་འབྱོན་པར་འགྱུར་བའི་དབང་ཀུན་དང་ལྡན་པ་དེའོ་”ཞེས་གསུངས་སོ། །
ཡོ་ཧ་ནན་ལ་མཱ་ཤི་ཀའི་ཞལ་གཟིགས་བྱུང་བ།
9 ཡེ་ཤུའི་ཐོག་ནས་སྡུག་བསྔལ་དང༌། རྒྱལ་སྲིད་དང༌། བཟོད་པའི་ནང་ལ་ཁྱེད་ཚོ་དང་མཉམ་དུ་འགྲོགས་པའི་སྤུན་ཟླ་ཡོ་ཧ་ནན་ང་ནི། དཀོན་མཆོག་གི་བཀའ་དང་ཡེ་ཤུ་ལ་དཔང་པོ་བྱེད་པའི་རྐྱེན་གྱིས་པད་མོ་ཞེས་ཟེར་བའི་གླིང་ཕྲན་ལ་ཡོད་པ་ཡིན། 10 གཙོ་བོའི་ཉིན་མོར་ང་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱི་དབང་འོག་ཏུ་ངའི་རྒྱབ་ལ་དུང་ཆེན་གྱི་སྒྲ་དང་འདྲ་བའི་གསུང་སྐད་ཆེན་པོ་ཞིག་ཐོས། 11 དེས་“ཁྱོད་ཀྱིས་གང་མཐོང་བ་དེ་དེབ་ལ་བྲིས་ནས་གྲོང་ཁྱེར་ཨེ་ཕེ་སུ་དང༌། སི་མིར་ནཱ། པེར་ག་མོ། ཐི་ཡ་ཏི་རཱ། སར་དཱི། ཕི་ལ་དེལ་ཕི་ཡཱ། ལའོ་ཌི་ཀེ་ཡཱ་བཅས་ཀྱི་ཆོས་ཚོགས་བདུན་པོ་ལ་སྐུར་ཅིག་”ཅེས་གསུངས། 12 ང་ལ་བཀའ་མོལ་གསུང་མཁན་གྱི་ཕྱོགས་སུ་ཕྱིར་བསྐོར་ཏེ། ངས་གསེར་གྱི་སྟེགས་བུ་བདུན་དང༌། 13 དེ་ཚོའི་དཀྱིལ་ལ་མིའི་གཟུགས་དང་ལྡན་པ་སྟེ། ཞབས་ལ་ཐུག་པའི་ན་བཟའ་དང༌། སྐུ་བྲང་ལ་གསེར་གྱི་སྐུ་རས་བཞེས་པ་ཞིག་མཐོང༌། 14 ཁོང་གི་དབུ་དང་དབུ་སྐྲ་ནི་བལ་དཀར་པོའམ་གངས་ལྟར་དཀར་བ་དང༌། སྤྱན་ནི་མེ་ལྕེ་དང་འདྲ་བ་ཡིན། 15 ཁོང་གི་ཞབས་ནི་མེ་ཐབ་ནང་ལྷད་བཏོན་བཞིན་པའི་ལི་དང་འདྲ་བ་ཡིན་པ་དང༌། ཁོང་གི་གསུང་སྐད་ནི་རྦབ་ཆུ་ཆེན་པོ་ཞིག་གི་འུར་སྒྲ་དང་འདྲ་བ་ཡིན། 16 ཁོང་གི་ཕྱག་གཡས་སུ་སྐར་མ་བདུན་ཡོད་དེ། ཁོང་གི་ཞལ་ནས་རལ་གྲི་ཁ་གཉིས་མ་རྣོ་པོ་ཞིག་ཐོན་པ་དང༌། ཞལ་གདོང་ནི་ཉི་མའི་གཟི་བརྗིད་ཆེན་པོ་ཞིག་དང་འདྲ་བ་ཡིན། 17 ཁོང་མཇལ་ནས་ང་གཤིན་པོ་ཞིག་དང་འདྲ་བར་ཁོང་གི་ཞབས་དྲུང་དུ་འགྱེལ། ཁོང་གིས་ཕྱག་གཡས་པ་ངའི་ལུས་ལ་བཞག་ནས་“མ་འཇིགས་ཤིག ང་ནི་ཐོག་མ་དང་མཐའ་མ་ཡིན་པ་དང༌། 18 གསོན་པོ་དེ་ཡིན། སྔར་ང་ཤི་ཡང༌། ལྟོས་ཤིག ད་ང་རྟག་ཏུ་གསོན་པོར་གནས། འཆི་བ་དང་གཤིན་ཁམས་ཀྱི་ལྡེ་མིག་ང་ལ་ཡོད། 19 དེའི་ཕྱིར་ཁྱོད་ཀྱིས་གང་མཐོང་བ་དང༌། ད་ལྟ་ཡོད་པ་དང༌། རྗེས་སུ་འབྱུང་བ་རྣམས་ཡི་གེར་བྲིས་ཤིག 20 ཁྱོད་ཀྱིས་ངའི་ལག་གཡས་སུ་མཐོང་བའི་སྐར་མ་བདུན་པོའི་གསང་བ་དང༌། གསེར་གྱི་སྟེགས་བུ་བདུན་ནི་དོན་འདི་ལྟར་ཏེ། སྐར་མ་བདུན་པོ་ནི་ཆོས་ཚོགས་བདུན་གྱི་ཕོ་ཉ་ཡིན་ཞིང༌། སྟེགས་བུ་བདུན་པོ་ནི་ཆོས་ཚོགས་བདུན་པོ་ཡིན་ནོ། །”