༄༅། །ཡ་ཧུ་དཱ་པར་བྲིས་པའི་འཕྲིན་ཡིག་བཞུགས་སོ། །
འགོ་བརྗོད།
རྩོམ་པ་པོ། འཕྲིན་ཡིག་འདིའི་རྩོམ་པ་པོས་རང་གི་མིང་མ་བྲིས་པས་བྲིས་མཁན་སུ་ཡིན་སུས་ཀྱང་མི་ཤེས། གནའ་བོའི་དུས་སུ་དད་ལྡན་པའི་སློབ་དཔོན་མང་པོས་འཕྲིན་ཡིག་འདིའི་རྩོམ་པ་པོ་སྐུ་ཚབ་པའུ་ལུ་ཡིན་པར་གསུངས། འོན་ཀྱང་སློབ་དཔོན་གཞན་རྣམས་ཀྱིས་འཕྲིན་ཡིག་འདིའི་རྩོམ་པ་པོ་ནི་འཕྲིན་བཟང་འབྲི་མཁན་ལུ་ཀཱ་དང༌། ཡང་ན་གསུང་རབ་ལ་མཁས་པ་ཨ་པོ་ལོ་སི་ཡིན་པར་གསུངས། རྩོམ་པ་པོ་སུ་ཡིན་པ་སུས་ཀྱང་མི་ཤེས་ན་ཡང༌། མདོ་འདི་དཀོན་མཆོག་གི་བཀའ་ཡིན་ཞིང་ཀློག་མཁན་དང་ཐོས་མཁན་རྣམས་ལ་ཕན་ཐོགས་ཆེའོ། །
རྩོམ་དུས། སྤྱི་ལོ་60-70 བར་ཙམ་ལ་བྲིས། (ལོ་རྒྱུས་དོན་ཆེན་རེའུ་མིག་ལ་གཟིགས་)
རྩོམ་རིག་གི་རྣམ་གྲངས། འཕྲིན་ཡིག
ཐོག་མའི་ཀློག་མཁན། ཡ་ཧུ་དཱ་པ་ཡིན་པའི་མཱ་ཤི་ཀ་པ་རྣམས།
ནང་དོན་གཙོ་བོ། ཡ་ཧུ་དཱ་པ་རྣམས་ལ་བྲིས་པའི་འཕྲིན་ཡིག་ནི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལ་དད་ལྡན་དུ་གྱུར་བའི་ཡ་ཧུ་དཱ་པ་རྣམས་ལ་བྲིས། འཕྲིན་ཡིག་འདི་འབྲི་མཁན་གྱིས་ཀློག་པ་པོ་རྣམས་ལ་གཙོ་བོ་ཡེ་ཤུ་ནི་དཀོན་མཆོག་གི་ཕོ་ཉ་དང༌། ཡ་ཧུ་དཱ་པའི་ལུང་སྟོན་པ་མོ་ཤེ ཡ་ཧུ་དཱ་པའི་མཆོད་དཔོན་བཅས་ལས་ཁྱད་དུ་འཕགས་པ་ཡིན་པར་ར་སྤྲོད་བྱེད། གཙོ་བོ་ཡེ་ཤུས་ཡ་ཧུ་དཱ་པའི་མཆོད་དཔོན་རྣམས་ལས་གནས་མཆོག་ལེགས་པ་ལ་དམར་མཆོད་ལེགས་པ་མཆོད་པར་མཛད་པས་ཁོང་ནི་ཞལ་ཆད་སྔོན་ལས་བཟང་བའི་འགན་བཞེས་མཁན་དུ་གྱུར། གཙོ་བོ་ཡེ་ཤུ་གཅིག་པུས་མི་རྣམས་སྡིག་ཉེས་དང༌། འཇིགས་པ། འཆི་བ་བཅས་ལས་ཐར་བར་མཛད་ཐུབ་པས། འཕྲིན་ཡིག་འདི་འབྲི་མཁན་གྱིས་མཱ་ཤི་ཀ་པ་རྣམས་མནར་གཅོད་མྱོང་སྐབས་ལའང་དད་པ་ལ་བརྟན་པོར་འཛིན་དགོས་པར་སྐུལ།
ལེའུ་དང་པོ།
དཀོན་མཆོག་གིས་ཁོང་གི་སྲས་བརྒྱུད་ནས་གསུངས་པ།
འདས་པའི་དུས་སུ་དཀོན་མཆོག་གིས་ལུང་སྟོན་པ་རྣམས་བརྒྱུད་ནས་ཐེངས་མང་པོ་དང་ཐབས་སྣ་ཚོགས་ཀྱིས་ང་ཚོའི་མེས་པོ་རྣམས་ལ་གསུངས་ཀྱང༌། ད་མཐའ་མའི་དུས་འདིར་ཁོང་གི་སྲས་བརྒྱུད་ནས་ང་ཚོར་གསུངས་ཏེ། སྲས་ནི་ཡོད་དོ་ཅོག་གི་རྒྱུད་འཛིན་པར་བསྐོས་ཤིང༌། ཁོང་བརྒྱུད་ནས་དཀོན་མཆོག་གིས་འཇིག་རྟེན་ཁམས་དང་དེར་ཡོད་པ་ཐམས་ཅད་བཀོད་པ་གནང༌། སྲས་ནི་དཀོན་མཆོག་གི་གཟི་བརྗིད་ཀྱི་འོད་ལས་མངོན་པར་གསལ་ཞིང༌། དཀོན་མཆོག་གི་ངོ་བོ་ཡང་དག་པར་མཚོན། ཁོང་གི་ནུས་མཐུ་དང་ལྡན་པའི་བཀའ་ཡིས་ཡོད་དོ་ཅོག་སྐྱོང་བར་མཛད། སྡིག་ཉེས་དག་པར་མཛད་ཐབས་གནང་ནས་ཞིང་ཁམས་སུ་གཟི་བརྗིད་དང་ལྡན་པའི་དཀོན་མཆོག་གི་ཕྱག་གཡས་སུ་བཞུགས། དཀོན་མཆོག་གིས་སྲས་ལ་གནང་བའི་མཚན་ནི་དཀོན་མཆོག་གི་ཕོ་ཉ་རྣམས་ཀྱི་མཚན་ལས་ཆེ་བ་ཡིན་པ་ལྟར། དེ་བཞིན་སྲས་དེ་དཀོན་མཆོག་གི་ཕོ་ཉ་རྣམས་ལས་འཕགས་པའང་ཡིན།
དཀོན་མཆོག་གི་སྲས་ནི་ཕོ་ཉ་ལས་ཁྱད་དུ་འཕགས་པ།
དཀོན་མཆོག་གིས།
ཁྱེད་ནི་ང་ཡི་བུ་ཉིད་ཡིན་པས་ན། །
དེ་རིང་ང་ནི་ཁྱེད་ཀྱི་ཕ་རུ་གྱུར། །
ཡང༌།
ང་ནི་ཁྱེད་ཀྱི་ཕར་འགྱུར་ཅིང༌། །
ཁྱེད་ནི་ང་ཡི་བུ་རུ་འགྱུར། །* 1:5 གསུང་མགུར་ཞེས་ཟེར་བའི་མདོ་ལེའུ་2 ཨང་7 དང༌། ལུང་སྟོན་པ་ཤ་མུ་ཨེལ་གྱི་མདོ་གཉིས་པ་ལེའུ་7 ཨང་14 ལ་གཟིགས།
ཞེས་ཕོ་ཉ་རྣམས་ལས་སུ་ཞིག་ལ་གསུངས་མྱོང་ངམ། ཡང༌། དཀོན་མཆོག་གིས་རང་གི་སྔོན་དུ་སྐྱེས་པའི་སྲས་འཇིག་རྟེན་ལ་མངགས་དུས།
དཀོན་མཆོག་གི་ནི་ཕོ་ཉ་ཀུན། །
ཁོང་ལ་བསྙེན་བཀུར་བྱོས་ཤིག་ཨང༌། ། 1:6 ལུང་སྟོན་པ་མོ་ཤེ་ཡིས་བྲིས་པའི་མདོ་ལྔ་པ་སྟེ་བཀའ་ལུང་ལེའུ་32 ཨང་43 ལ་གཟིགས།
ཞེས་གསུངས། ཕོ་ཉའི་སྐོར་ལ་དཀོན་མཆོག་གིས།
ཁོང་གིས་ཕོ་ཉ་རླུང་ལྟར་དང༌། །
འཁོར་གཡོག་མེ་ལྕེ་ལྟ་བུར་མཛད། ། 1:7 གསུང་མགུར་ཞེས་ཟེར་བའི་མདོ་ལེའུ་104 ཨང་4 ལ་གཟིགས།
ཅེས་གསུངས། འོན་ཀྱང་སྲས་ཀྱི་སྐོར་ལ།
ཀྱེ།
དཀོན་མཆོག་ཁྱེད་ཀྱི་སྲིད་ཁྲི་གཏན་དུ་གནས། །
ཁྱེད་ཀྱི་རྒྱལ་སྲིད་དྲང་བདེན་ཉིད་ཀྱིས་སྐྱོང༌། །
ཁྱེད་ཉིད་དྲང་བདེན་ལ་དགྱེས་ངན་པར་སྡང༌། །
དེའི་ཕྱིར་གང་ཞིག་ཁྱེད་ཀྱི་དཀོན་མཆོག་གིས། །
ཁྱེད་ལ་དགའ་བའི་སྣུམ་བྱུགས་གྲོགས་རྣམས་ལ། །
བྱུགས་པ་དེ་ལས་ལྷག་པ་ཉིད་དུ་གྱུར། །§ 1:9 གསུང་མགུར་ཞེས་ཟེར་བའི་མདོ་ལེའུ་45 ཨང་6-7 ལ་གཟིགས། གནའ་བོའི་དུས་སུ་རྒྱལ་པོ་བསྐོ་གཞག་བྱེད་པའི་སྐབས་སུ་ལུང་སྟོན་པས་རྒྱལ་པོ་ལ་སྣུམ་གྱིས་བྱུགས་པའི་ལུགས་སྲོལ་ཡོད། བྱུགས་པ་ནི་ཨིབ་རི་སྐད་དུ་མཱ་ཤི་ཀ་དང་གྷི་རིག་སྐད་དུ་ཁི་རིའི་སི་ཐོ་ཟེར།
ཞེས་གསུངས། 10 ཡང་ཁོང་གིས།
ཀྱེ།
གཙོ་བོ་ཉིད་ཀྱིས་ཐོག་མར་ས་གཞི་བཀོད། །
ཁྱེད་ཀྱི་ཕྱག་གིས་གནམ་ཡང་བསྐྲུན་པར་མཛད། །
11 གནམ་ས་འཇིག་ཀྱང་ཁྱེད་ཉིད་ནམ་ཡང་གནས། །
དེ་དག་གྱོན་གོས་བཞིན་དུ་ཟད་པར་འགྱུར། །
12 ཁྱེད་ཀྱིས་དེ་དག་ཕྱི་གོས་བཞིན་དུ་བསྒྲིལ། །
དེ་དག་ཕྱི་གོས་བཞིན་དུ་བརྗེ་བར་འགྱུར། །
འོན་ཏེ་ཁྱེད་ཉིད་གཏན་དུ་འགྱུར་བ་མེད། །
ཁྱེད་ཀྱི་ལོ་ཟླར་མུ་དང་མཐའ་མེད་དོ། །* 1:12 གསུང་མགུར་ཞེས་ཟེར་བའི་མདོ་ལེའུ་102 ཨང་25-27 ལ་གཟིགས།
ཞེས་གསུངས། 13 འོན་ཀྱང༌།
ཁྱེད་ཀྱི་དགྲ་རྣམས་ཁྱེད་ཀྱི་ཞབས་འོག་ཏུ། །
ང་ཡིས་མ་བཅུག་བར་དུ་ཁྱེད་རང་ཉིད། །
ང་ཡི་གཡས་སུ་དེ་བར་བཞུགས་སུ་གསོལ། ། 1:13 གསུང་མགུར་ཞེས་ཟེར་བའི་མདོ་ལེའུ་110 ཨང་1 ལ་གཟིགས།
ཞེས་དཀོན་མཆོག་གིས་ཕོ་ཉ་རྣམས་ལས་སུ་ཞིག་ལ་གསུངས་མྱོང་ངམ། 14 དཀོན་མཆོག་གི་ཕོ་ཉ་ཐམས་ཅད་ནི་ཐར་པ་འཐོབ་པ་རྣམས་ཀྱི་དོན་དུ་མངགས་པའི་གཡོག་བྱེད་པའི་སེམས་ཉིད་མ་ཡིན་ནམ།

*ལེའུ་དང་པོ།:5 1:5 གསུང་མགུར་ཞེས་ཟེར་བའི་མདོ་ལེའུ་2 ཨང་7 དང༌། ལུང་སྟོན་པ་ཤ་མུ་ཨེལ་གྱི་མདོ་གཉིས་པ་ལེའུ་7 ཨང་14 ལ་གཟིགས།

ལེའུ་དང་པོ།:6 1:6 ལུང་སྟོན་པ་མོ་ཤེ་ཡིས་བྲིས་པའི་མདོ་ལྔ་པ་སྟེ་བཀའ་ལུང་ལེའུ་32 ཨང་43 ལ་གཟིགས།

ལེའུ་དང་པོ།:7 1:7 གསུང་མགུར་ཞེས་ཟེར་བའི་མདོ་ལེའུ་104 ཨང་4 ལ་གཟིགས།

§ལེའུ་དང་པོ།:9 1:9 གསུང་མགུར་ཞེས་ཟེར་བའི་མདོ་ལེའུ་45 ཨང་6-7 ལ་གཟིགས། གནའ་བོའི་དུས་སུ་རྒྱལ་པོ་བསྐོ་གཞག་བྱེད་པའི་སྐབས་སུ་ལུང་སྟོན་པས་རྒྱལ་པོ་ལ་སྣུམ་གྱིས་བྱུགས་པའི་ལུགས་སྲོལ་ཡོད། བྱུགས་པ་ནི་ཨིབ་རི་སྐད་དུ་མཱ་ཤི་ཀ་དང་གྷི་རིག་སྐད་དུ་ཁི་རིའི་སི་ཐོ་ཟེར།

*ལེའུ་དང་པོ།:12 1:12 གསུང་མགུར་ཞེས་ཟེར་བའི་མདོ་ལེའུ་102 ཨང་25-27 ལ་གཟིགས།

ལེའུ་དང་པོ།:13 1:13 གསུང་མགུར་ཞེས་ཟེར་བའི་མདོ་ལེའུ་110 ཨང་1 ལ་གཟིགས།