ལེའུ་སོ་གཉིས་པ།
གིལ་ཨད་ནས་གཞིས་ཆགས་པའི་རུ་བེན་དང་གཱ་རྡུ།
1 དེ་ཡང་གཱ་རྡུའི་བུ་རྒྱུད་དང་རུ་བེན་གྱི་བུ་རྒྱུད་རྣམས་ལ་ཕྱུགས་ཁྱུ་ཤིན་ཏུ་མང་པོ་ཡོད་ཅིང་། དེ་དག་གིས་ཡཱ་ཟེར་ཡུལ་དང་གིལ་ཨད་ཡུལ་ནི་ཕྱུགས་འཚོ་ས་ཡག་པོ་ཡིན་པ་མཐོང་ནས། 2 ཁོ་རྣམས་ཡོང་སྟེ་མོ་ཤེ་དང་མཆོད་དཔོན་ཨེ་ལི་ཨ་ཟར་དང་། མི་ཚོགས་ཀྱི་འགོ་དཔོན་རྣམས་ལ་འདི་ལྟར། 3 ཨ་ཏ་རོད་དང་། དི་བོན། ཡཱ་ཟེར། ནིམ་རཱ། ཧེ་སི་པོན། ཨེལ་ཨ་ལེ། སེ་བམ། ནེ་བོ། པེ་ཨོན་བཅས་པ་སྟེ། 4 དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་པའི་མི་ཚོགས་ཀྱི་མདུན་ནས་དབང་དུ་བསྡུས་པའི་ཡུལ་དེ་ནི་ཕྱུགས་འཚོ་ས་ཡག་པོ་ཡིན་ལ། ཁྱེད་ཀྱི་ཞབས་ཕྱི་རྣམས་ལ་སྒོ་ཕྱུགས་ཡོད་པ་ཡིན་ཞེས་དང་། 5 ཡང་ཁོ་རྣམས་ན་རེ། གལ་སྲིད་ངེད་རྣམས་ལ་ཁྱེད་ཀྱི་སྤྱན་སྔར་ཐུགས་རྗེ་ཐོབ་ན། ངེད་རྣམས་ཡོར་དན་གཙང་པོའི་ཕ་རོལ་ཏུ་མི་མངགས་པར། ཡུལ་འདི་ཁྱེད་ཀྱི་ཞབས་ཕྱི་ངེད་རྣམས་ལ་བགོ་སྐལ་དུ་གནང་བར་མཛོད་ཅིག་ཅེས་ཞུས་སོ། །
6 མོ་ཤེ་ཡིས་གཱ་རྡུའི་བུ་རྒྱུད་དང་རུ་བེན་གྱི་བུ་རྒྱུད་རྣམས་ལ་འདི་ལྟར། ཁྱོད་ཅག་གི་སྤུན་ཟླ་རྣམས་དམག་འཁྲུག་ལ་འགྲོ་སྐབས། ཁྱོད་ཅག་འདི་རུ་འདུག་པར་བྱའམ། 7 ཁྱོད་རྣམས་ཀྱིས་ཡེས་ར་ཨེལ་པ་རྣམས་ཀྱི་སེམས་ཕམ་པར་བཅུག་ནས། དཀོན་མཆོག་ཡ་ཝཱེས་ཁོ་རྣམས་ལ་གནང་བའི་ཡུལ་དེར་ཕར་མི་འགྲོ་བར་བྱེད་དོན་ཅི་ཡིན་ནམ། 8 སྔར་ངས་ཀཱ་དེའེ་ཤཱ་པར་ནེ་ཨ་ནས་ཁྱོད་ཅག་གི་ཕ་མེས་རྣམས་ཡུལ་དེར་ལྐོག་ལྟ་བྱེད་དུ་མངགས་པའི་ཚེ། ཁོ་རྣམས་ཀྱིས་ཀྱང་འདི་ལྟར་བྱས་ཏེ། 9 ཁོ་རྣམས་ཡར་ཨེ་ཤཱ་ཀོལ་ལུང་པ་རུ་སོང་ཞིང་ཡུལ་དེ་མཐོང་བ་ན། ཡེས་ར་ཨེལ་པ་རྣམས་ཀྱི་སེམས་ཕམ་པར་བཅུག་ནས་དཀོན་མཆོག་ཡ་ཝཱེས་ཁོ་རྣམས་ལ་གནང་བའི་ཡུལ་དེར་མི་འགྲོ་བར་བྱས། 10 ཉིན་མོ་དེར་དཀོན་མཆོག་ཡ་ཝཱེས་ཐུགས་རབ་ཏུ་ཁྲོས་ནས་མནའ་བཞེས་ཏེ་འདི་སྐད་དུ། 11 ཨེ་ཅིབ་ཡུལ་ནས་ཐོན་པའི་མི་ལོ་ཉི་ཤུ་ཅན་དང་དེའི་ཡན་ཟིན་པ་རྣམས་ལས་སུས་ཀྱང་ངས་ཨབ་ར་ཧམ་དང་། ཨི་སཱག་དང་། ཡ་ཀོབ་བཅས་ལ་མནའ་བསྐྱལ་ནས་ཁས་བླངས་པའི་ཡུལ་དེ་མཐོང་བར་མི་འགྱུར། ཅི་ལ་ཞེ་ན་དེ་དག་བློ་གཅིག་སེམས་གཅིག་གིས་ངའི་རྗེས་སུ་མ་འབྲངས་པས་སོ། ། 12 ཀེ་ནི་ཟི་པ་ཡེ་ཕུན་ནེའི་བུ་ཀཱ་ལེབ་དང་། ནུན་གྱི་བུ་ཡོ་ཤུ་ཨ་གཉིས་འབའ་ཞིག་གིས་ཡུལ་དེ་མཐོང་བར་འགྱུར་ཏེ། ཁོ་གཉིས་ཀ་བློ་གཅིག་སེམས་གཅིག་གིས་དཀོན་མཆོག་ཡ་ཝཱེའི་རྗེས་སུ་འབྲངས་པས་སོ་ཞེས་གསུངས་པའོ། ། 13 ཡང་དཀོན་མཆོག་ཡ་ཝཱེ་ཁོང་ཉིད་ཡེས་ར་ཨེལ་པའི་སྟེང་ཐུགས་རབ་ཏུ་ཁྲོས་ཤིང་། དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་བྱས་པའི་མི་རབས་དེ་ཡོངས་སུ་མེད་པར་འགྱུར་བའི་བར་དུ། ཁོ་རྣམས་དབེན་སྟོང་དུ་ལོ་བཞི་བཅུའི་རིང་འཁྱམ་པར་མཛད་དོ། ། 14 ཀྱེ་ཧོ། ཁྱོད་སྡིག་ཅན་གྱི་བུ་རྒྱུད་རྣམས་ཀྱང་ཡོང་ནས་ཁྱོད་ཅག་གི་ཕ་མེས་རྣམས་ཀྱི་ཤུལ་འཛིན་ཞིང་། དཀོན་མཆོག་ཡ་ཝཱེ་ཁོང་ཉིད་ཡེས་ར་ཨེལ་ལ་དེ་ལས་ལྷག་པར་ཐུགས་ཁྲོ་བར་བྱེད་དོ། ། 15 གལ་སྲིད་ཁྱོད་རྣམས་ཕར་འཁོར་ནས་ཁོང་གི་རྗེས་སུ་མི་འབྲང་ན། ཁོང་གིས་ཡེས་ར་ཨེལ་པ་རྣམས་ཡང་བསྐྱར་དབེན་སྟོང་དུ་ལུས་པར་མཛད་ཅིང་། ཁྱོད་ཅག་གིས་མི་ཐམས་ཅད་འཇིག་པར་བྱའོ་ཞེས་གསུངས་སོ། །
16 དེ་ནས་ཚོ་པ་གཉིས་ཀའི་མི་རྣམས་མོ་ཤེའི་རྩར་ཡོང་སྟེ་འདི་ལྟར། ངེད་ཅག་གིས་རང་གི་སྒོ་ཕྱུགས་རྣམས་ལ་འདི་ནས་ལུག་ར་བརྩིག་པ་དང་ངེད་ཅག་གི་བུ་ཕྲུག་རྣམས་ལ་མཁར་བཟོ་བར་བྱའོ། ། 17 འོན་ཀྱང་ཡེས་ར་ཨེལ་པ་རྣམས་ཁྲིད་ནས་ཁོ་ཚོའི་ཡུལ་དུ་སླེབས་པའི་བར་དུ། ངེད་ཅག་གིས་གོ་མཚོན་སྤྲས་ནས་ཡེས་ར་ཨེལ་པ་རྣམས་ཀྱི་སྔོན་དུ་འགྲོ་བར་གྲ་སྒྲིག་ཚགས་སུ་ཚུད་ཡོད། ཡུལ་འདིའི་ཡུལ་མི་རྣམས་ཀྱི་རྐྱེན་གྱིས་ངེད་ཅག་གི་བུ་ཕྲུག་རྣམས་ལྕགས་རིས་བསྐོར་ཡོད་པའི་མཁར་རྣམས་སུ་གནས་དགོས་པ་ཡིན། 18 ཡེས་ར་ཨེལ་པ་རེ་རེ་ལ་ས་སྐལ་ཐོབ་པའི་བར་དུ། ངེད་ཅག་རང་གི་ཁྱིམ་དུ་ཕྱིར་ལོག་པ་དཔེ་མི་སྲིད། 19 ངེད་ཅག་གི་ས་སྐལ་ནི་ཡོར་དན་གཙང་པོའི་ཤར་ཕྱོགས་སུ་ཡོད་པའི་རྐྱེན་གྱིས། ངེད་ཅག་གིས་དེ་དག་དང་ལྷན་དུ་ཡོར་དན་གཙང་པོའི་ནུབ་ཕྱོགས་སུ་ས་སྐལ་ལེན་པར་མི་བྱའོ་ཞེས་ཞུས་སོ། །
20 དེ་ནས་མོ་ཤེ་ན་རེ། ཁྱོད་ཅག་གིས་དེ་ལྟར་བསྒྲུབས་ནས་དཀོན་མཆོག་ཡ་ཝཱེའི་དྲུང་དུ་དམག་ལ་འགྲོ་ཕྱིར་གོ་མཚོན་སྤྲས་ན། 21 དཀོན་མཆོག་ཡ་ཝཱེས་ཁོང་གི་དགྲ་རྣམས་རང་ཉིད་ཀྱི་དྲུང་ནས་སྐྲོད་པའི་བར་དུ། ཁྱོད་ཅག་གོ་མཚོན་སྤྲས་པ་ཐམས་ཅད་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཡོར་དན་གཙང་པོ་བརྒལ་དགོས་པ་ཡིན། 22 དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ཡུལ་དེ་དབང་དུ་བསྡུས་པའི་རྗེས་སུ་ཁྱོད་ཅག་ད་གཟོད་ཕྱིར་ལོག་པར་བྱ་སྟེ། དེ་ནས་ཁྱོད་ཅག་གིས་དཀོན་མཆོག་ཡ་ཝཱེ་དང་ཡེས་ར་ཨེལ་པའི་དྲུང་དུ་ལས་འགན་བསྒྲུབས་པ་ཡིན་ལ། ཡུལ་འདི་ཡང་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ཁྱོད་ཅག་ལ་དབང་བ་ཡིན་ནོ། ། 23 འོན་ཀྱང་དེ་བཞིན་དུ་མི་བྱེད་ན། ལྟོས་དང་། ཁྱོད་ཚོས་དཀོན་མཆོག་ཡ་ཝཱེ་ལ་འགལ་བའི་སྡིག་པ་བྱེད་པར་འགྱུར་ཞིང་། ཁྱོད་ཅག་གི་སྡིག་པས་ཁྱོད་ཅག་འཛིན་པར་འགྱུར་བ་ཤེས་པར་གྱིས་ཤིག 24 ད་ནི་ཁྱོད་ཅག་གིས་རང་གི་ཁ་ནས་གང་བརྗོད་པ་དེ་བཞིན་སྒྲུབས་ཤིག ཁྱོད་ཅག་གི་བུ་ཕྲུག་རྣམས་ལ་མཁར་རྩིགས་ལ། ཁྱོད་ཅག་གི་ལུག་ཁྱུ་ལ་ལུག་ར་བཟོ་བར་གྱིས་ཤིག་ཅེས་གསུངས་སོ། །
25 གཱ་རྡུ་དང་རུ་བེན་གྱི་བུ་རྒྱུད་རྣམས་ཀྱིས་མོ་ཤེ་ལ། ཁྱེད་ཀྱི་ཞབས་ཕྱི་ངེད་རྣམས་ཀྱིས་བདག་པོས་གནང་བའི་བཀའ་བཞིན་བསྒྲུབ་པར་བྱའོ། ། 26 ངེད་ཅག་གི་བུ་ཕྲུག་དང་ཆུང་མ་རྣམས་དང་། ལུག་ཁྱུ་དང་སྒོ་ཕྱུགས་བཅས་ནི་གིལ་ཨད་ཀྱི་གྲོང་ཁྱེར་རྣམས་སུ་གནས་དགོས། 27 འོན་ཀྱང་ཁྱེད་ཀྱི་ཞབས་ཕྱི་སྟེ་གོ་མཚོན་སྤྲས་ནས་དམག་འཁྲུག་ལ་ཞུགས་པར་ཆས་ཡོད་པ་རྣམས་ནི། ངའི་བདག་པོའི་བཀའ་བཞིན་དུ་དཀོན་མཆོག་ཡ་ཝཱེའི་དྲུང་ནས་ཕར་དམག་འཁྲུག་ལ་འགྲོ་བར་བྱའོ་ཞེས་ཞུས་སོ། །
28 དེ་ནས་མོ་ཤེ་ཡིས་ཁོ་རྣམས་ཀྱི་དོན་དུ། མཆོད་དཔོན་ཨེ་ལི་ཨ་ཟར་དང་། ནུན་གྱི་བུ་ཡོ་ཤུ་ཨ་དང་། ཡེས་ར་ཨེལ་པའི་ཚོ་པ་ཁག་གི་ཚོ་དཔོན་རྣམས་ལ་འདི་ལྟར། 29 གལ་སྲིད་གཱ་རྡུའི་བུ་རྒྱུད་དང་རུ་བེན་གྱི་བུ་རྒྱུད་རྣམས་གོ་མཚོན་སྤྲས་ནས། དཀོན་མཆོག་ཡ་ཝཱེའི་དྲུང་དུ་དམག་འཁྲུག་ལ་ཞུགས་པར་ཆས་ཡོད་པ་ཐམས་ཅད། ཁྱོད་རྣམས་དང་མཉམ་དུ་ཡོར་དན་གཙང་པོ་བརྒལ་ཞིང་། ཡུལ་དེ་ཁྱོད་ཅག་གི་མདུན་ནས་དབང་དུ་བསྡུས་པ་ཡིན་ན། ཁྱོད་ཅག་གིས་གིལ་ཨད་ཡུལ་ཁོ་རྣམས་ལ་ས་སྐལ་དུ་སྦྱིན་དགོས། 30 གལ་སྲིད་དེ་རྣམས་ཀྱིས་གོ་མཚོན་སྤྲས་ནས་ཁྱོད་ཅག་དང་མཉམ་དུ་ཕར་མི་འགྲོ་ན། དེ་རྣམས་ལ་ཀ་ན་ཨན་ཡུལ་དུ་ཁྱོད་ཅག་གི་ཁྲོད་ནས་བགོ་སྐལ་འཐོབ་པར་འགྱུར་ཞེས་གསུངས། 31 གཱ་རྡུའི་བུ་རྒྱུད་དང་རུ་བེན་གྱི་བུ་རྒྱུད་རྣམས་ཀྱིས་ལན་དུ། དཀོན་མཆོག་ཡ་ཝཱེས་ཁྱེད་ཀྱི་ཞབས་ཕྱི་རྣམས་ལ་ཅི་ལྟར་བསྒོས་པ་ཡིན་ན་ངེད་ཅག་གིས་དེ་བཞིན་བསྒྲུབ་པར་བྱའོ། ། 32 ངེད་རྣམས་ཀྱིས་གོ་མཚོན་སྤྲས་ཏེ་དཀོན་མཆོག་ཡ་ཝཱེའི་དྲུང་ནས་ཕར་ཀ་ན་ཨན་ཡུལ་དུ་འགྲོ་བར་བྱ། འོན་ཀྱང་ཡོར་དན་གཙང་པོའི་ཚུ་རོལ་ནི་ངེད་ཅག་ལ་ས་སྐལ་དུ་གནང་དགོས་ཞེས་ཞུས། 33 དེ་ནས་མོ་ཤེ་ཡིས་ཨེ་མོར་པ་རྣམས་ཀྱི་རྒྱལ་པོ་སི་ཧོན་གྱི་རྒྱལ་ཁམས་དང་། པཱ་ཤན་གྱི་རྒྱལ་པོ་ཨོག་གི་རྒྱལ་ཁམས་དང་དེའི་ཡུལ་རྣམས་དང་། མངའ་འོག་གི་གྲོང་ཁྱེར་རྣམས་དང་དེའི་མཐའ་འཁོར་གྱི་གྲོང་ཁྱེར་ཐམས་ཅད་གཱ་རྡུའི་བུ་རྒྱུད་དང་རུ་བེན་གྱི་བུ་རྒྱུད་རྣམས་དང་། ཡོ་སེབ་ཀྱི་བུ་མཱ་ན་ཤེ་བྱ་བའི་ཚོ་པ་ཕྱེད་ཀ་བཅས་ལ་བཏང་ངོ་། ། 34 གཱ་རྡུའི་བུ་རྒྱུད་རྣམས་ཀྱིས་དི་བོན་དང་། ཨ་ཏ་རོད་དང་། ཨ་རོ་ཨེར་དང་། 35 ཨད་རོད་ཤོ་ཕན་དང་། ཡཱ་ཟེར་དང་། ཡོག་པེ་ཧ་དང་། 36 པེད་ནིམ་རཱ་དང་། པེད་ཧ་རན་བཅས་ལྕགས་རི་ཡོད་པའི་མཁར་དང་ལུག་ར་རྣམས་བརྩིགས་སོ། ། 37 ཡང་རུ་བེན་གྱི་བུ་རྒྱུད་རྣམས་ཀྱིས་ཧེ་སི་པོན་དང་། ཨེལ་ཨ་ལེ་དང་། ཀིར་ཡ་ཐཱ་ཡེམ་དང་། 38 ནེ་བོ་དང་། པཱ་ཨལ་མེ་ཨོན་དང་། སིབ་མ་བཅས་བརྩིགས་ཤིང་། ཡང་ཁོ་ཚོས་བརྩིགས་པའི་མཁར་རྣམས་ལ་མིང་གཞན་རྣམས་བཏགས་སོ། །
39 མཱ་ན་ཤེ་ཡི་བུ་མཱ་ཀིར་གྱི་བུ་རྒྱུད་རྣམས་གིལ་ཨད་ཡུལ་དུ་སོང་ནས་དེ་བདག་གིར་བཟུང་བ་དང་། གནས་དེ་རུ་སྡོད་པའི་ཨེ་མོར་པ་རྣམས་བསྐྲད་པའོ། ། 40 མོ་ཤེ་ཡིས་གིལ་ཨད་ནི་མཱ་ན་ཤེ་ཡི་བུ་མཱ་ཀིར་ལ་གནང་བ་དང་། མཱ་ཀིར་ཡུལ་དེ་རུ་བསྡད་དོ། ། 41 མཱ་ན་ཤེའི་བུ་ཡཱ་ཨིར་སོང་ནས་ཨེ་མོར་པའི་གྲོང་སྡེ་རྣམས་བཟུང་ཞིང་དེ་དག་གི་མིང་ལ་ཧ་ཝོད་ཡཱ་ཨིར་ཞེས་བཏགས་སོ། ། 42 ནོ་བ་སོང་ནས་ཀེ་ནད་དང་དེའི་གྲོང་སྡེ་རྣམས་བདག་གིར་བཟུང་ཞིང་། རང་གི་མིང་བཞིན་ཀེ་ནད་ལ་ནོ་བ་ཞེས་བཏགས་སོ། །