ལེའུ་བཅུ་དགུ་པ།
མི་གཙང་བ་བསལ་བའི་ཁྲིམས་སྲོལ།
དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་དང་ཨ་རོན་གཉིས་ལ་འདི་སྐད་དུ། ཡ་ཝཱེས་གནང་བའི་བཀའ་ཁྲིམས་ཀྱི་སྒྲིག་སྲོལ་ནི་འདི་ལྟ་སྟེ། ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར་བསྒོ་བར་བྱ། བ་དྲུས་མ་དམར་པོ་ལྷད་མེད་སྐྱོན་མེད་གཉའ་ཤིང་འཁུར་མ་མྱོང་བ་ཞིག་ཁྱོད་ཀྱི་རྩར་འཁྲིད་ཡོང་དགོས་ལ། ཁྱོད་ཅག་གིས་བ་གཞོན་དེ་མཆོད་དཔོན་ཨེ་ལི་ཨ་ཟར་ལ་སྤྲོད་དགོས་པ་དང་། ཁོས་བ་གཞོན་སྒར་གྱི་ཕྱི་རོལ་ཏུ་ཁྲིད་ནས་མི་ཞིག་གིས་དེ་ཁོའི་མདུན་དུ་བཤའ་དགོས། དེ་ནས་མཆོད་དཔོན་ཨེ་ལི་ཨ་ཟར་གྱིས་རང་གི་མཛུབ་གུ་ཁྲག་ལ་བསྒྲེས་ནས་མཇལ་འཕྲད་གུར་མཆོག་གི་མདུན་ཕྱོགས་སུ་ལན་བདུན་ལ་གཏོར་དགོས་པ་དང་། དེ་ནས་མི་ཞིག་གིས་བ་དྲུས་མ་དེ་མཆོད་དཔོན་གྱི་མིག་ལམ་དུ་བསྲེག་དགོས། དེའི་པགས་པ་དང་། ཤ་དང་། ཁྲག་དང་། ལྕི་བ་བཅས་ཡོངས་སུ་བསྲེག་དགོས་སོ། ། མཆོད་དཔོན་གྱིས་ཐང་ཤིང་དང་། ཨི་སོབ་རྩྭ་ཤིང་དང་། བལ་སྐུད་མཚལ་དམར་བཅས་བླངས་ནས་བ་དྲུས་མ་དེ་འཚིག་བཞིན་པའི་མེའི་ནང་དུ་གཡུག་དགོས། དེ་ནས་མཆོད་དཔོན་གྱིས་རང་གི་གོས་རྣམས་བཀྲུ་བ་དང་། རང་གི་ལུས་པོ་ཆུ་ལ་བཀྲུས་རྗེས་ད་གཟོད་སྒར་དུ་ཡོང་དགོས། འོན་ཀྱང་དགོང་མོའི་བར་དུ་མཆོད་དཔོན་མི་གཙང་བ་ཡིན་ནོ། ། བ་གཞོན་མེ་ལ་སྲེག་མཁན་མི་དེས་ཀྱང་རང་གི་གོས་རྣམས་བཀྲུ་བ་དང་རང་གི་ལུས་པོ་ཆུ་ནང་དུ་བཀྲུ་དགོས་ལ། ཁོ་ཡང་དགོང་མོའི་བར་དུ་མི་གཙང་བ་ཡིན། གཙང་མ་ཡིན་པའི་མི་ཞིག་གིས་བ་དྲུས་མ་ཡི་ཐལ་བ་བསྡུས་ཏེ། སྒར་ཁའི་ཕྱི་རོལ་གྱི་གནས་གཙང་ས་ཞིག་ཏུ་འཇོག་པ་དང་། ཡེས་ར་ཨེལ་པའི་མི་ཚོགས་ཀྱི་ཕྱིར་དུ་སྦག་བཙོག་སེལ་བྱེད་ཀྱི་ཆུ་བྱས་ནས་འཇོག་དགོས་ཤིང་། དེ་ནི་སྡིག་པ་སེལ་བྱེད་ཡིན་ནོ། ། 10 དེ་ནས་བ་དྲུས་མ་དེའི་ཐལ་བ་བསྡུ་བའི་མི་དེས་རང་གི་གོས་རྣམས་བཀྲུ་བ་དང་། དགོང་མོའི་བར་དུ་མི་གཙང་བ་ཡིན། དེ་ནི་ཡེས་ར་ཨེལ་པ་རྣམས་དང་ཁོ་ཚོའི་ཁྲོད་དུ་གནས་པའི་ཕྱི་མི་རྣམས་ཀྱི་དུས་གཏན་གྱི་སྒྲིག་ཁྲིམས་ཡིན་ནོ། །
11 འདས་པོ་ཞིག་གི་བེམ་པོར་རེག་པའི་མི་སུ་ཡིན་ཡང་། ཉིན་བདུན་གྱི་རིང་ལ་མི་གཙང་བ་ཡིན། 12 མི་དེས་ཉིན་གསུམ་པ་དང་ཉིན་བདུན་པར་སྦག་བཙོག་སེལ་བྱེད་ཀྱི་ཆུ་དེས་རང་ཉིད་གཙང་མར་བཟོ་དགོས་པ་དང་། དེ་ནས་ཁོ་རང་གཙང་མར་འགྱུར། གལ་སྲིད་ཉིན་གསུམ་པ་དང་ཉིན་བདུན་པ་ལ་རང་ཉིད་གཙང་མར་མ་བཟོས་ན། དེ་ནས་ཁོ་གཙང་བར་མི་འགྱུར་རོ། ། 13 སུ་ཞིག་གིས་འདས་པོ་ཞིག་གི་བེམ་པོར་རེག་པ་དང་། རང་ཉིད་གཙང་མར་མི་བཟོ་ན། དེས་དཀོན་མཆོག་ཡ་ཝཱེའི་གུར་མཆོག་སྦགས་པ་ཡིན། མི་དེ་ནི་ཡེས་ར་ཨེལ་པའི་ཁྲོད་ནས་འཕུད་དགོས། ཅི་ལ་ཟེར་ན། སྦག་བཙོག་སེལ་བྱེད་ཀྱི་ཆུ་དེ་རང་སྟེང་ལ་མ་གཏོར་བས་མི་གཙང་བ་ཡིན་ཏེ། དེའི་མི་གཙང་བ་ནི་སྔར་བཞིན་ཁོའི་སྟེང་དུ་གནས་ཡོད་པའོ། །
14 གལ་སྲིད་མི་ཞིག་གུར་གྱི་ནང་དུ་ཤི་ཚེ། དེའི་བཀའ་ཁྲིམས་ནི་འདི་ལྟ་སྟེ། གུར་གྱི་ནང་དུ་ཡོང་མཁན་དང་དེའི་ནང་དུ་ཡོད་པ་ཐམས་ཅད་ཉིན་བདུན་གྱི་རིང་ལ་མི་གཙང་བ་ཡིན། 15 ཁ་ཕྱེས་པའི་སྣོད་ཆས་ཏེ་ཁ་གཅོད་བརྒྱབ་མེད་པའི་སྣོད་ཆས་ཚང་མ་མི་གཙང་བ་ཡིན། 16 སུ་ཞིག་གིས་ཞིང་ཁར་རལ་གྲིས་བསད་པའི་མིའམ། རང་བཞིན་གྱིས་ཤི་བའི་བེམ་པོའམ། ཡང་ན་མིའི་རུས་པའམ། ཡང་ན་དུར་ས་བཅས་ལ་རེག་པ་ཡིན་ན་ཉིན་བདུན་གྱི་རིང་ལ་མི་གཙང་བ་ཡིན་ནོ། ། 17 གཙང་མ་མིན་པ་དེའི་ཕྱིར་དུ། མེ་རུ་འཚིག་པའི་སྡིག་པ་སེལ་བྱེད་ཀྱི་ཐལ་བ་བླངས་ནས་སྣོད་ཅིག་གི་ནང་དུ་འཇོག་པ་དང་། དེ་ལ་ཆུ་གསར་པ་བླུགས་ནས། 18 དེ་ནས་གཙང་མ་ཡིན་པའི་མི་ཞིག་གིས་ཨི་སོབ་རྩྭ་ཤིང་བླངས་ནས་ཆུ་ནང་དུ་བསྒྲེས་ཏེ། གུར་གྱི་སྟེང་དང་སྣོད་ཆས་ཐམས་ཅད་ཀྱི་སྟེང་དུ་གཏོར་བ་དང་། ཡང་དེར་ཡོད་པའི་མི་རྣམས་ཀྱི་སྟེང་དང་། རུས་པའམ་རལ་གྲིས་བསད་པའམ། རང་བཞིན་གྱིས་ཤི་བའམ། དུར་ས་བཅས་ལ་རེག་པའི་མི་ཡི་སྟེང་དུ་གཏོར་དགོས་སོ། ། 19 ཉིན་གསུམ་པ་དང་ཉིན་བདུན་པར་གཙང་མ་ཡིན་པའི་མི་དེས་གཙང་མ་མིན་པའི་མི་ཡི་སྟེང་དུ་ཆུ་གཏོར་དགོས། དེ་བཞིན་ཉིན་བདུན་པ་ལ་མི་དེ་གཙང་མར་བཟོ་བ་དང་། ཁོས་རང་གི་གོས་རྣམས་བཀྲུ་ཞིང་ལུས་པོ་ཆུ་ནང་བཀྲུ་དགོས་ལ། དགོང་མོའི་དུས་སུ་ཁོ་གཙང་མ་ཡིན་ནོ། །
20 འོན་ཀྱང་གཙང་མ་མིན་པའི་མི་དེས་རང་ཉིད་གཙང་མར་མི་བཟོ་ན། མི་དེ་ནི་མི་ཚོགས་ཀྱི་ཁྲོད་ནས་འཕུད་དགོས། ཅི་ལ་ཞེ་ན། ཁོས་དཀོན་མཆོག་ཡ་ཝཱེའི་གནས་མཆོག་སྦགས་པ་དང་། སྦག་བཙོག་སེལ་བྱེད་ཀྱི་ཆུ་ཁོའི་སྟེང་དུ་མ་གཏོར་བས་ཁོ་ནི་མི་གཙང་ངོ་། ། 21 དེ་ནི་ཁྱོད་ཅག་གི་དུས་གཏན་གྱི་སྒྲིག་ཁྲིམས་ཡིན། སྦག་བཙོག་སེལ་བྱེད་ཀྱི་ཆུ་གཏོར་བའི་མི་དེས་རང་གི་གོས་རྣམས་བཀྲུ་དགོས་པ་དང་། སྦག་བཙོག་སེལ་བྱེད་ཀྱི་ཆུ་ལ་རེག་པའི་མི་ནི་དགོང་མོའི་བར་དུ་མི་གཙང་བ་ཡིན། 22 གཙང་མ་མིན་པའི་མི་ཡིས་གང་ཞིག་ལ་རེག་པ་ཐམས་ཅད་མི་གཙང་བ་ཡིན་ལ། ཡང་དེ་ལ་རེག་པའི་མི་སུ་ཡིན་ཡང་དགོང་མོའི་བར་དུ་མི་གཙང་བ་ཡིན་ནོ། །