ལེའུ་བཅུ་པ།
རྒྱལ་པོ་སོ་ལོས་རང་སྲོག་བླངས་པ།
1 ཕེ་ལེ་ཤེད་པ་རྣམས་ཀྱིས་ཡེས་ར་ཨེལ་པ་ལ་དམག་བརྒྱབ་ནས། ཡེས་ར་ཨེལ་པ་རྣམས་ཕེ་ལེ་ཤེད་པའི་མདུན་ནས་བྲོས་ཏེ། མི་མང་པོ་གིལ་བོ་ཨ་རི་བོར་འགྱེལ་ཏོ། ། 2 ཕེ་ལེ་ཤེད་པ་རྣམས་ཀྱིས་སོ་ལོ་དང་དེའི་སྲས་རྣམས་ཀྱི་རྗེས་དེད་ཅིང་། སོ་ལོའི་སྲས་ཡོ་ནཱ་ཐན་དང་ཨ་བི་ནཱ་དབ། མལ་ཀི་ཤུ་ཨ་བཅས་བསད་དོ། ། 3 སོ་ལོ་ལ་རྒོལ་པའི་འཐབ་མོ་ཤིན་ཏུ་དྲགས་ཤིང་། མདའ་པས་སོ་ལོ་མཐོང་ནས་ཁོ་ལ་མདའ་ཡིས་བརྒྱབ་ནས་རྨས་པར་གྱུར་ཏོ། ། 4 དེ་ནས་སོ་ལོས་རང་གི་གོ་མཚོན་འཁུར་མཁན་ལ། ཁྱོད་ཀྱིས་རལ་གྲི་ཕྱུང་སྟེ་ངའི་ལུས་རྟོལ་ཅིག དེ་ལྟར་མ་བྱས་ཚེ། མཚན་སྐྱི་མ་བཅད་པ་དེ་དག་འོངས་ནས་ང་ལ་རལ་གྲིས་བསྣུན་ཏེ་སྨད་པར་བྱའོ་ཞེས་སྨྲས་ཀྱང་། གོ་མཚོན་འཁུར་མཁན་དེ་ཤིན་ཏུ་འཇིགས་ནས་དེ་ལྟར་མ་བྱས་པས། སོ་ལོས་རལ་གྲི་བླངས་ནས་དེའི་ཁར་ལྕེབས་སོ། ། 5 གོ་མཚོན་འཁུར་མཁན་གྱིས་སོ་ལོ་གྲོངས་ཟིན་པ་མཐོང་བ་དང་། ཁོ་ཡང་རལ་གྲིའི་ཁར་ལྕེབས་ནས་ཤིའོ། ། 6 དེ་ལྟར་སོ་ལོ་དང་ཁོང་གི་སྲས་གསུམ་དང་། ཁྱིམ་མི་ཐམས་ཅད་མཉམ་དུ་ཤི་བའོ། ། 7 ལུང་པར་སྡོད་པའི་ཡེས་ར་ཨེལ་གྱི་མི་ཐམས་ཅད་ཀྱིས་ཡེས་ར་ཨེལ་གྱི་དམག་རྣམས་བྲོས་པ་དང་། སོ་ལོ་དང་ཁོང་གི་སྲས་རྣམས་གྲོངས་པ་མཐོང་བས་རང་གི་གྲོང་ཁྱེར་རྣམས་དོར་ནས་བྲོས་ཤིང་། ཕེ་ལེ་ཤེད་པ་རྣམས་འོངས་ནས་དེ་ཚོའི་གྲོང་ཁྱེར་ནང་དུ་བསྡད། 8 དེའི་ཕྱི་ཉིན་ཕེ་ལེ་ཤེད་པ་རྣམས་བེམ་པོ་དག་གི་གོས་བཤུ་བར་འོངས་དུས་སུ། སོ་ལོ་དང་དེའི་སྲས་རྣམས་གིལ་བོ་ཨ་རི་བོར་གྲོངས་ཟིན་པ་མཐོང་བ་དང་། 9 དེ་ཚོས་ཁོང་གི་དམག་ཆས་བཤུས་ཤིང་། ཁོང་གི་མགོ་བླངས་ནས་གོ་ཁྲབ་བཤུས་ཏེ། ཕེ་ལེ་ཤེད་པའི་ཡུལ་ཕྱོགས་ཀུན་ཏུ་མི་མངགས་ནས་དེ་ཚོའི་ལྷ་སྐུ་དང་འབངས་མི་ལ་འཕྲིན་བསྐུར་ཏོ། ། 10 དེ་ཚོས་སོ་ལོའི་གོ་ཁྲབ་དེ་རང་གི་ལྷ་ཁང་དུ་བཞག་པ་དང་། ཁོང་གི་མགོ་ནི་དཱ་གོན་གྱི་ལྷ་ཁང་དུ་དཔྱངས། 11 གིལ་ཨད་ཡཱ་བེ་སི་པ་རྣམས་ཀྱིས་ཕེ་ལེ་ཤེད་པས་སོ་ལོ་ལ་ཅི་བྱས་པ་ཐོས་ནས། 12 དཔའ་རྒོད་ཐམས་ཅད་ཡར་སོང་ནས་སོ་ལོའི་སྤུར་དང་། ཁོང་གི་སྲས་རྣམས་ཀྱི་བེམ་པོར་བདག་བྱས་ནས་ཡཱ་བེ་སི་རུ་ཁྱེར་འོངས་ཤིང་། ཁོང་རྣམས་ཀྱི་རུས་པ་ཡཱ་བེ་སིའི་བེ་ཤིང་འོག་ཏུ་བསྐུངས་ནས་ཉིན་བདུན་ལ་སྨྱུང་གནས་བསྲུངས་པའོ། ། 13 སོ་ལོས་དཀོན་མཆོག་ཡ་ཝཱེ་ལ་དད་ལོག་བྱས་པས་ཁོ་རང་ཤི་བ་སྟེ། ཁོས་དཀོན་མཆོག་ཡ་ཝཱེའི་གསུང་ལ་མ་མཉན་པ་དང་། བུད་མེད་ནག་ཆོས་མ་ནས་བརྟག་པ་ཞུས་པ་ལས། 14 དཀོན་མཆོག་ཡ་ཝཱེ་ལ་མ་ཞུས་པས། དཀོན་མཆོག་ཡ་ཝཱེས་ཁོ་རང་གསོད་པར་མཛད་དེ། རྒྱལ་ཁྲི་ཡེ་སེའི་བུ་དཱ་བིད་ལ་གནང་ངོ་། །