༄༅། །ལུང་སྟོན་པ་ནཱ་ཧུམ་གྱི་མདོ།
ལུང་སྟོན་པ་ནཱ་ཧུམ་གྱི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
ནཱ་ཧུམ་ཞེས་པ་ནི་སེམས་གསོའི་དོན་ཡིན། ལུང་སྟོན་པ་ཡོ་ནཱས་ཆོས་བསྒྲགས་པའི་སྐབས་སུ་ནིན་ཝེ་པ་རྣམས་ཀྱིས་འགྱོད་བཤགས་བྱས་པ་དང་། ཁོ་ཚོ་གཏོར་བཤིག་མ་བཏང་བར་གནས་སྐབས་སུ་ཅམ་འཇོག་བྱས་པ་རེད། དེ་ནས་ཅང་མ་འགོར་བར་ནིན་ཝེ་པ་རྣམས་ཀྱིས་གདུག་རྩུབ་དྲག་པོའི་གཏུམ་སྤྱོད་དང་ཁེངས་དྲེགས་ཡང་བསྐྱར་སྤེལ་བ་རེད།
ཡི་གེར་འགོད་མཁན་དང་འགོད་དུས།
ནཱ་ཧུམ་གྱི་ཕ་ཡུལ་ནི་ཨེལ་ཀོ་སི་ཡིན་པ་མ་གཏོགས་ཁོང་གི་སྐོར་ལ་ཤེས་རྟོགས་ཕྲན་ཙམ་ཡང་བྱུང་མེད། ཐ་ན་ཁོང་གི་སྐྱེས་ཡུལ་ངོ་མ་དེ་ཡང་སྙིང་གང་དུ་ཡོད་པའང་གསལ་པོ་མི་ཤེས། ལེའུ་གསུམ་པའི་ནང་དུ་ནཱ་ཧུམ་གྱིས་ནིན་ཝེ་གྲོང་ཁྱེར་འཇིག་པའི་ལུང་བསྟན་གནང་ཡོད། ལུང་བསྟན་དེ་ནི་སྤྱི་ལོ་སྔོན་གྱི་612ལོར་གྲུབ་པ་རེད། དེར་བརྟེན་ནཱ་ཧུམ་གྱིས་བཏང་བའི་བཀའ་གཉན་པོ་འདི་ནི་སྤྱི་ལོ་སྔོན་གྱི་612ནས་663ལོའི་བར་ཙམ་ལ་བྱུང་། ཧ་ལམ་དུས་དེའི་མཇུག་ཏུ་བྱུང་བ་ཡིན་སྲིད།
བརྗོད་སྙིང་དང་གསུང་འཕྲིན།
གཞུང་འདིའི་བརྗོད་བྱའི་སྙིང་པོ་ནི་ནིན་ཝེ་གྲོང་ཁྱེར་ལ་ཉེས་ཆད་བཅད་པའི་སྐོར་ཡིན། དེ་ནི་ནིན་ཝེ་པ་རྣམས་ཀྱིས་གཉའ་གནོན་དང་གདུག་རྩུབ་བཀོལ་བ། ལྷ་སྐུ་བསྟེན་པ། ངན་སེམས་བཅངས་པ་སོགས་ཀྱི་རྐྱེན་གྱིས་ཡིན། དཀོན་མཆོག་གི་དྲང་བདེན་དང་དྲང་གཞག་གི་རྒྱལ་སྲིད་ལ་མཐའ་མར་རྒྱལ་ཁ་འཐོབ་པ་དང་། ལས་ངན་པ་སྤྱད་པ་དང་བཙན་དབང་གིས་བཙུགས་པའི་རྒྱལ་སྲིད་ནི་ཨ་སུར་པ་ནང་བཞིན་འཇིག་པར་འགྱུར། མཇུག་མཐར་ནཱ་ཧུམ་གྱིས་འཇིག་རྟེན་ཡོངས་ཀྱི་བྱ་དངོས་ཕྲ་རགས་ཀུན་ལ་དབང་སྒྱུར་མཁན་དཀོན་མཆོག་ཡིན་པ་གསལ་བསྒྲགས་བྱས། དཀོན་མཆོག་ནི་བྱུང་རབས་ཐམས་ཅད་དང་མི་རིགས་ཀུན་གྱི་མངའ་བདག་ཡིན་པས་ཁོང་གིས་དེ་དག་གི་འབྱུང་འགྱུར་མཐའ་དག་དབང་དུ་བསྒྱུར་ཡོད།
འཆར་ཟིན།
1. དཀོན་མཆོག་ཡ་ཝཱེ་ཁོང་ཉིད་ནིན་ཝེ་གྲོང་ཁྱེར་ལ་ཐུགས་ཁྲོས་པའི་སྐོར། ༼1:1-15༽
2. ནིན་ཝེ་གྲོང་ཁྱེར་མེད་པར་གཏོང་བའི་སྐོར། ༼2:1-13༽
3. ནིན་ཝེ་གྲོང་ཁྱེར་ལ་ཆག་སྒོ་འབྱུང་བའི་ལུང་བསྟན་གནང་བ། ༼3:1-19༽
ལེའུ་དང་པོ།
ནིན་ཝེ་གྲོང་ཁྱེར་སྐོར་གྱི་ལུང་བསྟན།
དེ་ཡང་ནིན་ཝེ་གྲོང་ཁྱེར་སྐོར་གྱི་བཀའ་ལུང་སྟེ། ཨེལ་ཀོ་སི་པ་ནཱ་ཧུམ་ལ་ཐོབ་པའི་ཞལ་གཟིགས་ཀྱི་མདོ་ནི་འདི་ལྟ་སྟེ། དཀོན་མཆོག་ཡ་ཝཱེ་ནི་ཕྲག་དོག་ཅན་དང་ལན་འཇལ་བའི་དཀོན་མཆོག་ཡིན་ལ། དཀོན་མཆོག་ཡ་ཝཱེས་ལན་འཇལ་བར་མ་ཟད་ད་དུང་ཐུགས་ཁྲོ་མེ་ལྟར་འབར་ཞིང་། ཁོང་གིས་ཉིད་ཀྱི་དགྲ་ལ་ལན་འཇལ་བ་དང་། ཁོང་ནི་དགྲ་ལ་ཐུགས་རབ་ཏུ་ཁྲོ་བ་ཡིན། དཀོན་མཆོག་ཡ་ཝཱེ་རང་དགར་ཐུགས་མི་ཁྲོ་ལ། ཁོང་ནི་མཐུ་བོ་ཆེ་ཡིན་ཞིང་། ཁོང་གིས་རྩ་བ་ནས་ཉེས་ཅན་རྣམས་ཉེས་མེད་དུ་མི་བརྩི་སྟེ། དཀོན་མཆོག་ཡ་ཝཱེ་ནི་རླུང་འཚུབ་དང་དྲག་ཆར་ཁྲོད་ནས་ཕེབས་འོང་ལ། སྤྲིན་ཕུང་རྣམས་ཁོང་གི་ཞབས་འོག་གི་ས་རྡུལ་ཡིན་ནོ། ། ཁོང་གིས་རྒྱ་མཚོར་བཀའ་བཀྱོན་གནང་བ་ཙམ་གྱིས་རྒྱ་མཚོ་སྐམ་ཞིང་། ཁོང་གིས་གཙང་པོ་ཐམས་ཅད་སྐམ་པར་མཛད་དེ། པཱ་ཤན་དང་ཀར་མེལ་གྱི་རྩྭ་ཐང་སྐམ་པ་དང་། ལེ་པཱ་ནོན་གྱི་མེ་ཏོག་ཡང་རྙིད་ནས་ལྷུང་བའོ། ། ཁོང་གི་སྤྱན་སྔར་རི་བོ་རྣམས་འདར་ཞིང་། རི་ཕྲན་རྣམས་ཞུ་བར་འགྱུར་ལ། ས་གཞི་ཁོང་གི་དྲུང་དུ་གཡོ་ཞིང་རྒུད་པར་འགྱུར་བ་དང་། ས་གཞི་དང་དེའི་སྟེང་དུ་གནས་པ་ཐམས་ཅད་ཀྱང་དེ་བཞིན་ཡིན་ནོ། ། ཁོང་གི་ཁྲོ་གཏུམ་འོག་ཏུ་སུ་ཞིག་ཚུགས་ནུས་སམ། ཁོང་གི་ཐུགས་ཁྲོ་སུ་ཞིག་གིས་བཟོད་ཐུབ་བམ། ཁོང་གི་ཐུགས་ཁྲོ་ཆེན་པོ་ནི་མེ་ལྟར་འཕྱུར་བ་དང་། བྲག་རྡོ་ཡང་ཁོང་གི་དྲུང་དུ་གས་པར་གྱུར། དཀོན་མཆོག་ཡ་ཝཱེ་ནི་ལེགས་པོ་ཡིན་ཏེ། དཀའ་སྡུག་གི་དུས་སུ་ཁོང་ནི་མི་རྣམས་ཀྱི་སྐྱབས་གནས་ཡིན་ལ། ཁོང་ལ་བརྟེན་པའི་མི་རྣམས་ཁོང་གིས་མཁྱེན་ནོ། ། ཡིན་ན་ཡང་ཁོང་གིས་ཆུ་ལོག་ཆེན་པོས་ནིན་ཝེ་བསྣུབ་པར་མཛད་ཅིང་། ཁོང་གི་དགྲ་བོ་རྣམས་མུན་པའི་ནང་དུ་སྐྲོད་པར་འགྱུར།
ཀྱེ་ནིན་ཝེ་པ་རྣམས། ཁྱོད་རྣམས་ཀྱིས་ཇུས་ངན་གང་ཞིག་བཤམས་ནས་དཀོན་མཆོག་ཡ་ཝཱེར་རྒོལ་བ་ཡིན་ནམ། ཁོང་གིས་ཡོངས་སུ་མེད་པར་མཛད་ཅིང་། དཀའ་སྡུག་ཡང་བསྐྱར་འབྱུང་བར་མི་འགྱུར། 10 དེ་དག་ནི་དཀྲིས་ནས་མདུད་པ་བརྒྱབ་པའི་ཚེར་མ་བཞིན་དང་། ཆང་གིས་ར་བཟི་བའི་མི་དང་སོག་མ་སྐམ་པོ་ཡོངས་སུ་མེར་བསྲེགས་པ་དང་མཚུངས། 11 ངན་པ་འགོད་མཁན་ཏེ་ཇུས་ངན་བཤམས་ནས་དཀོན་མཆོག་ཡ་ཝཱེར་རྒོལ་བའི་མི་ནི་ཁྱོད་ལས་ཕྱི་རུ་ཐོན་ནོ། །
12 ཡང་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ནིན་ཝེ་པའི་དམག་ཆས་ཆ་ཚང་ཞིང་མི་གྲངས་མང་མོད། འོན་ཀྱང་དེ་དག་ཚར་དུ་བཅད་ནས་མེད་པར་འགྱུར། ཀྱེ་ཡ་ཧུ་དཱ། ངས་ཁྱོད་ལ་སྡུག་བསྔལ་མྱང་དུ་བཅུག་ན་ཡང་ད་ཕྱིན་ཆད་ཁྱོད་རང་སྡུག་ལ་མི་སྦྱར་རོ། ། 13 དེས་ཁྱོད་ཀྱི་མཇིང་ལ་བཀལ་བའི་གཉའ་ཤིང་ནི་ངས་ད་ལྟ་གཅོག་ཅིང་། ཁྱོད་ཀྱི་ལྕགས་ཐག་རྣམས་དུམ་བུར་གཅོད་པར་འགྱུར་ཞེས་གསུངས་སོ། ། 14 ནིན་ཝེའི་སྐོར་ལ་དཀོན་མཆོག་ཡ་ཝཱེས་བཀའ་བབས་པ་སྟེ། ཁྱོད་ཀྱི་མི་རབས་ཆད་དེ་མིང་ཙམ་ཡང་ལུས་པར་མི་འགྱུར་ལ། ངས་ཁྱོད་ཀྱི་ལྷ་ཁང་ནང་གི་སྐུ་འདྲ་བརྐོས་མ་དང་བླུག་སྐུ་རྣམས་མེད་པར་བཟོ་ཞིང་། ཁྱོད་ནི་ཐ་ཤལ་ཡིན་པས། ངས་ཁྱོད་ཀྱི་ཕྱིར་དུ་དུར་ས་གྲ་སྒྲིག་བྱེད་ངེས་ཡིན། 15 ལྟོས་ཤིག འཕྲིན་བཟང་སྒྲོག་ཅིང་ཞི་བདེ་ཁྱབ་སྒྲོག་བྱེད་མཁན་གྱི་ཞབས་ནི་རི་བོ་སྟེང་དུ་འཛེགས་ནས་ན་རེ། ཀྱེ་ཡ་ཧུ་དཱ། ད་ནི་ཁྱོད་ཀྱིས་དུས་ཆེན་སྲུངས་ལ་རང་གི་དམ་བཅའ་སྒྲུབས་ཤིག ཅིའི་ཕྱིར་ཞེ་ན། ཕྱིན་ཆད་མི་ངན་དེ་ཁྱོད་ཀྱི་དཀྱིལ་ནས་མི་འགྲོ་ཞིང་། དེ་ནི་རྩ་བ་ནས་མེད་པར་བཟོས་པའོ་ཞེས་གསུངས་སོ། །