ལེའུ་ལྔ་པ།
ཡེས་ར་ཨེལ་གྱི་རྒྱལ་ཁབ་ཉམས་པའི་རྟགས།
ཀྱེ་མིའི་བུ། སྐྲ་བཞར་མཁན་གྱི་སྤུ་གྲིའི་ཚབ་ཏུ་ཁྱོད་ཀྱིས་གྲི་རྣོན་པོ་ཞིག་བཟུང་སྟེ་རང་གི་སྐྲ་དང་སྨ་ར་བཞར་བ་དང་། སྐྲ་དང་སྨ་ར་རྒྱ་སྲང་སྟེང་དུ་བཞག་ནས་ཚོད་ལ། དེ་ནས་ཆ་ཤས་སུ་བགོས་ཤིག གྲོང་ཁྱེར་བསྐོར་བའི་དུས་ལོངས་པའི་རྗེས་སུ་ཁྱོད་ཀྱིས་སྐྲ་དང་སྨ་ར་དེ་ལས་སུམ་ཆའི་གཅིག་བླངས་ཏེ་གྲོང་ཁྱེར་གྱི་དབུས་སུ་མེར་སྲེགས་ཤིག ཡང་སུམ་ཆའི་གཅིག་བླངས་ཏེ་གྲོང་ཁྱེར་གྱི་མཐའ་འཁོར་ནས་རལ་གྲིས་གཙོབས་ཤིག ཡང་སུམ་ཆའི་གཅིག་རླུང་ལ་བསྐུར་ཞིག ངས་ད་དུང་རལ་གྲི་ཕྱུང་ནས་དེ་དག་གི་རྗེས་འདེད་པར་བྱའོ། ། ཁྱོད་ཀྱིས་སྐྲ་དང་སྨ་ར་དེ་ལས་ཉག་མ་འགའ་རེ་བླངས་ནས་ཁྱོད་ཀྱི་གྱོན་པའི་ཐུ་བའི་ནང་དུ་ཆུག ཡང་སྐྲ་དང་སྨ་ར་དེ་ལས་ཉག་མ་འགའ་རེ་བླངས་ཏེ་མེའི་ནང་དུ་གཡུགས་ནས་སྲེགས་ཤིག མེ་ལྕེ་ནི་དེ་ནས་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ཀུན་ཏུ་ཁྱབ་པར་འགྱུར་ཞེས་གསུངས་སོ། ། ཡང་གཙོ་བོ་ཡ་ཝཱེས་འདི་སྐད་དུ། འདི་ནི་ངས་དེ་སྔོན་མི་རྣམས་ཀྱི་ནང་དུ་བཞག་ཅིང་། རྒྱལ་ཁབ་ཀུན་གྱིས་མཐའ་རུ་བསྐོར་བའི་ཡེ་རུ་སཱ་ལེམ་ཡིན་མོད་ཀྱང་། དེས་ངའི་སྲོལ་ཡིག་དང་འགལ་ནས་སྤྱོད་ངན་སྤྱད་པ་ནི་མི་རིགས་ཀུན་ལས་ལྷག་ཅིང་། ངའི་སྒྲིག་ཁྲིམས་དང་འགལ་བ་ནི་དེའི་མཐའ་སྐོར་གྱི་རྒྱལ་ཁབ་ཀུན་ལས་ཀྱང་ལྷག་པའོ། །དེས་ངའི་སྲོལ་ཡིག་དོར་བ་དང་ངའི་སྒྲིག་ཁྲིམས་མ་བསྲུངས་ཞེས་གསུངས་སོ། ། ཡང་གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཁྱོད་རྣམས་ཀྱིས་རང་གི་ཉེ་འཁོར་གྱི་མི་ཀུན་ལས་ཀྱང་གྱེན་ལོག་བྱས་ཏེ། ངའི་སྒྲིག་ཁྲིམས་མ་བརྩིས་པ་དང་ངའི་སྲོལ་ཡིག་མ་བསྲུངས་པར་མ་ཟད། རང་གི་ཉེ་འཁོར་གྱི་མི་རིགས་ཀུན་གྱི་ཁྲིམས་སྲོལ་ཡང་ཁྱོད་ཅག་གིས་མ་བསྲུངས་ཞེས་གསུངས། དེ་བས་གཙོ་བོ་ཡ་ཝཱེས་འདི་སྐད་དུ། ལྟོས་དང་། ངས་ཁྱོད་རང་དགྲ་རུ་བཟུང་ནས་མི་རིགས་ཀུན་གྱི་མིག་མདུན་དུ་ཁྱོད་ཅག་གི་དབུས་སུ་ཉེས་ཆད་གཅོད་པར་བྱ། ཁྱོད་ཀྱི་ཞེན་ལོག་གི་སྤྱོད་པ་རྣམས་ཀྱི་ཕྱིར་དུ། ངས་སྔར་ནམ་ཡང་བཅད་མ་མྱོང་བ་དང་ཕྱིས་སུའང་གཅོད་པར་མི་བྱ་བའི་ཉེས་ཆད་དེ་ཁྱོད་ཀྱི་ནང་དུ་གཅོད་པར་འགྱུར་རོ། ། 10 དེའི་ཕྱིར་ཁྱོད་ཀྱི་ནང་དུ་ཕ་རྣམས་ཀྱིས་བུ་རྣམས་བཟའ་བར་འགྱུར་ལ། བུ་རྣམས་ཀྱིས་ཕ་རྣམས་བཟའ་བར་འགྱུར། ཡང་ངས་ཁྱོད་རྣམས་ལ་ཉེས་ཆད་བཅད་དེ་ཁྱོད་ལས་ལྷག་པའི་མི་རྣམས་ཕྱོགས་བཞིར་གཏོར་བར་བྱའོ་ཞེས་གསུངས་སོ། །
རིམས་ནད་དང་མུ་གེ རལ་གྲི་བཅས་ཀྱི་གནོད་འཚེ།
11 ཡང་གཙོ་བོ་ཡ་ཝཱེས་འདི་སྐད་དུ། བདག་གིས་རང་གི་ཚེ་སྲོག་དཔང་དུ་བཙུགས་ནས་མནའ་བསྐྱལ་བ་ཡིན་ཏེ། ཁྱོད་ཀྱིས་རང་གི་སྐྱུག་བྲོ་བའི་སྐུ་འདྲ་དང་ཞེན་ལོག་གི་དོན་ཐམས་ཅད་ཀྱིས་ངའི་གནས་མཆོག་བཙོག་པར་བཟོས་པས། ངས་ཀྱང་ཁྱོད་དྲིན་གྱིས་མི་སྐྱོང་ལ། ངའི་མིག་གིས་ཀྱང་ཁྱོད་ལ་ལྟ་སྐྱོང་མི་བྱེད་ཅིང་། ངས་ཁྱོད་ལ་སྙིང་རྗེ་ཡང་བསྒོམ་པར་མི་བྱའོ། ། 12 ཁྱོད་ཀྱི་མི་རྣམས་ཀྱི་སུམ་ཆའི་གཅིག་ནི་རིམས་ནད་ཀྱིས་འཆི་བར་འགྱུར་ཞིང་། མུ་གེས་མེད་པར་འགྱུར་ལ། སུམ་ཆའི་གཅིག་ནི་ཁྱོད་ཀྱི་མཐའ་འཁོར་དུ་རལ་གྲིས་བསྣུན་ནས་འགྱེལ་བར་འགྱུར་ཞིང་། སུམ་ཆའི་གཅིག་ནི་ངས་དེ་དག་ཕྱོགས་བཞི་རུ་གཏོར་བར་མ་ཟད། ངས་ད་དུང་རལ་གྲི་ཕྱུང་ནས་དེ་དག་གི་རྗེས་འདེད་པར་བྱའོ། ། 13 དེ་ལྟར་བྱས་ན་ངའི་ཁོང་ཁྲོ་ད་གཟོད་ཞི་བར་འགྱུར་ལ། ང་དེ་དག་གི་སྟེང་དུ་ལངས་པའི་ཁྲོ་གཏུམ་ཆེན་པོ་དེ་ཡང་ཞི་བར་འགྱུར་བས། ང་རང་ཉིད་ཀྱང་བདེ་ལ་འབབ་པའོ། །ང་དེ་དག་གི་སྟེང་དུ་ལངས་པའི་ཁྲོ་གཏུམ་ཆེན་པོ་དེ་རྫོགས་པའི་ཚེ། ཡ་ཝཱེ་བདག་གིས་འཁུར་ཞེན་དང་བཅས་དེ་བཞིན་སྨྲས་པ་དེ་དག་གིས་རྟོགས་པར་འགྱུར། 14 ངས་ཁྱོད་ནི་ས་སྟོང་དུ་བསྒྱུར་ཏེ། ཁྱོད་ནི་རང་གི་མཐའ་འཁོར་གྱི་མི་རིགས་ཀུན་དང་དེ་བརྒྱུད་ནས་འགྲོ་བའི་མི་ཐམས་ཅད་ཀྱི་མདུན་དུ་ངོ་ཚ་རུ་འགྱུར་བར་བྱ། 15 དེ་ལྟར་ངས་ཁོང་ཁྲོ་དང་ཁྲོ་གཏུམ་ཆེན་པོ། ཞེ་སྡང་དྲག་པོ་བཅས་ཀྱི་བཀའ་བཀྱོན་གྱིས་ཁྱོད་ལ་ཉེས་ཆད་གཅོད་པའི་དུས་སུ། ཁྱོད་ནི་རང་གི་ཉེ་འཁོར་གྱི་མི་རིགས་ཀུན་གྱི་ནང་དུ་ངོ་ཚ་དང་ཟུར་ཟ། མི་རྣམས་འཇིགས་སྣང་སྐྱེ་ཡུལ་དུ་འགྱུར་བ་དང་། ཡང་དེ་དག་གིས་དོགས་ཟོན་བྱེད་ཡུལ་དུ་འགྱུར་རོ་ཞེས་ཡ་ཝཱེ་བདག་གིས་སྨྲས་པའོ། ། 16 ཁྱོད་རྣམས་ཚར་གཅོད་པའི་ཕྱིར་དུ། ངས་མུ་གེ་དང་གཏོར་བརླག་གི་དུག་མདའ་འཕངས་ཏེ། ངས་ཁྱོད་ཅག་གི་མུ་གེ་ཆེ་རུ་བཏང་ནས། ཁྱོད་ཅག་གི་ཁ་ཟས་ཀྱི་མཁོ་འདོན་གཅོད་པར་བྱའོ། ། 17 ཡང་ངས་ཁྱོད་ཀྱི་གམ་དུ་མུ་གེ་དང་གཅན་གཟན་གཏུམ་དྲག་ཅན་མངགས་ནས། དེ་དག་གིས་ཁྱོད་ཀྱི་མི་རབས་ཀྱི་རྒྱུད་གཅོད་ཅིང་། ཁྱོད་ཀྱི་ནང་དུ་གང་སར་རིམས་ནད་དང་ཁྲག་བཞུར་བའི་དོན་རྣམས་འབྱུང་ཞིང་། ངས་ཁྱོད་ཀྱི་སྟེང་དུ་རལ་གྲི་འབེབ་པར་བྱའོ་ཞེས་ཡ་ཝཱེ་བདག་གིས་སྨྲས་པ་ཡིན་ཞེས་གསུངས་སོ། །