ལེའུ་དགུ་པ།
དཱ་ནེ་ཨེལ་གྱིས་སྨོན་ལམ་བཏབ་པ།
1 དེ་ཡང་མཱ་ཏི་པ་ཨ་ཧཱ་ཝེ་རོ་ཡི་སྲས་དར་ཡཱ་ཞེས་བྱ་བ་རྒྱལ་པོར་བསྐོས་ནས་ཀལ་དི་པའི་རྒྱལ་ཁམས་ལ་སྲིད་བསྐྱངས་པའི་ལོ་དང་པོ་སྟེ། 2 ཁོ་རྒྱལ་པོར་བསྡད་པའི་སྲིད་ལོ་དང་པོར། གསུང་རབ་ལས་དཀོན་མཆོག་ཡ་ཝཱེས་ལུང་སྟོན་པ་ཡེ་རེམ་ཡཱ་ལ་གནང་བའི་བཀའ་ལྟར། ཡེ་རུ་སཱ་ལེམ་གྲོང་ཁྱེར་ལོ་བདུན་ཅུའི་རིང་ལ་ཞིག་རོར་ལུས་སྲིད་པ་དཱ་ནེ་ཨེལ་བདག་གིས་རྟོགས་བྱུང་ངོ་། ། 3 དེ་བས་བདག་གིས་བློ་རྩེ་གཅིག་སྒྲིམ་གྱིས་སྨྱུང་གནས་བསྲུངས་པ་དང་། ལུས་ལ་རྩིད་རས་གྱོན་ཏེ་མགོ་ལ་ཐལ་བ་གཏོར་ནས་གཙོ་བོ་དཀོན་མཆོག་ལ་སྨོན་ལམ་བཏབ་ཅིང་ཞུ་བ་ཞུས་པའོ། ། 4 བདག་གིས་རང་གི་དཀོན་མཆོག་ཡ་ཝཱེ་ལ་སྨོན་ལམ་བཏབ་ཅིང་མཐོལ་བཤགས་ཕུལ་ནས་འདི་ལྟར། ཀྱེ་གཙོ་བོ་ལགས། ཁྱེད་ནི་མཆོག་ཏུ་གྱུར་པ་དང་གུས་འོས་པའི་དཀོན་མཆོག་སྟེ། ཁྱེད་ལ་དགའ་ཞིང་ཁྱེད་ཀྱི་བཀའ་སྲུང་མཁན་རྣམས་ལ་ཞལ་ཆད་བཞིན་དུ་བྱམས་པ་གནང་མཁན་ཡིན་ནོ། ། 5 ངེད་ཅག་གིས་སྡིག་པ་བསགས་ནས་མ་རུང་བ་སྤྱད་པ་དང་། ལས་ངན་པ་དང་བཅས་ཁྱེད་ལ་ངོ་ལོག་བྱས་ནས་ཁྱེད་ཀྱི་བཀའ་རྒྱ་དང་ཁྲིམས་སྲོལ་ལ་འགལ་ཞིང་། 6 ཁྱེད་ཀྱི་ཞབས་ཕྱི་ལུང་སྟོན་པ་རྣམས་ཀྱིས་ཁྱེད་ཀྱི་མཚན་གྱི་སྒོ་ནས་ངེད་ཅག་གི་རྒྱལ་པོ་དང་སྐུ་དྲག ཕ་མེས། ཡུལ་མི་ཐམས་ཅད་ལ་གནང་བའི་བཀའ་ལ་མ་མཉན་ཏོ། །
7 ཀྱེ་གཙོ་བོ་ལགས། ཁྱེད་ནི་དྲང་བདེན་ཡིན་ནོ། །འོན་ཀྱང་དེ་རིང་ཡ་ཧུ་དཱ་པ་རྣམས་དང་ཡེ་རུ་སཱ་ལེམ་གྱི་ཡུལ་མི་རྣམས་དང་། ཁྱེད་ཀྱིས་རྒྱལ་ཁབ་སོ་སོར་གཏོར་བའི་ཡེས་ར་ཨེལ་ཡུལ་དང་ཐག་ཉེ་རིང་ཀུན་གྱི་ཡེས་ར་ཨེལ་པ་ཐམས་ཅད་དེ། ངེད་ཅག་ཤིན་ཏུ་ངོ་གནོངས་པ་ཡིན། རྒྱུ་མཚན་ནི་ངེད་ཅག་ཚང་མ་ཁྱེད་ལ་བློ་མ་དཀར་བས་སོ། ། 8 ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ངེད་ཅག་གིས་ཁྱེད་ལ་འགལ་བའི་སྡིག་པ་བྱས་པའི་རྐྱེན་གྱིས། ངེད་ཅག་དང་ངེད་ཅག་གི་རྒྱལ་པོ། སྐུ་དྲག ཕ་མེས་བཅས་ལ་ངོ་ཚ་ཆེན་པོ་ཡོད། 9 ངེད་ཅག་གིས་རང་གི་གཙོ་བོ་དཀོན་མཆོག་ལ་གྱེན་ལོག་བྱས་ནའང་། ཁོང་ནི་སྔར་བཞིན་སྙིང་རྗེ་ཅན་ཡིན་ལ་བཟོད་སྒོམ་གནང་བར་མཉེས་པའོ། ། 10 ངེད་ཅག་གིས་རང་གི་དཀོན་མཆོག་ཡ་ཝཱེའི་བཀའ་ལ་མ་མཉན་པ་དང་། ཁོང་གིས་ཉིད་ཀྱི་ཞབས་ཕྱི་ལུང་སྟོན་པ་རྣམས་བརྒྱུད་ནས་གནང་བའི་བཀའ་ཁྲིམས་མ་བརྩིས་སོ། །
11 ཡེས་ར་ཨེལ་པ་ཐམས་ཅད་ཁྱེད་ཀྱི་བཀའ་ཁྲིམས་དང་འགལ་ནས་ཁྱེད་དང་བྲལ་ཞིང་། ཁྱེད་ཀྱི་བཀའ་ལ་མ་མཉན་པས་ན། ཁྱེད་ཀྱི་ཞབས་ཕྱི་མོ་ཤེའི་བཀའ་ཁྲིམས་ནང་དུ་བཀོད་པའི་དམོད་པ་དང་མནའ་ཚིག་རྣམས་ངེད་ཅག་གི་སྟེང་དུ་བབས་པ་རེད། གང་ལ་ཞེ་ན། ངེད་ཅག་གིས་དངོས་གནས་ཁྱེད་དང་འགལ་བའི་སྡིག་པ་བྱས་པས་སོ། ། 12 ཁྱེད་ཀྱིས་ཉིད་ཀྱི་ལུང་བསྟན་འགྲུབ་པར་མཛད་པ་དང་། ངེད་ཅག་དང་ངེད་ཅག་གི་འགོ་དཔོན་རྣམས་ལ་གནང་བའི་བཀའ་ལྟར་བསྒྲུབས་ཤིང་ངེད་ཅག་ལ་གོད་ཆགས་ཆེན་པོ་བྱུང་དུ་བཅུག ཡེ་རུ་སཱ་ལེམ་ལ་བྱུང་བའི་གོད་ཆགས་འདི་ལྟ་བུ་ནི་གནམ་འོག་ཀུན་ཏུ་དུས་ནམ་ཡང་བྱུང་མ་མྱོང་ངོ་། ། 13 གོད་ཆགས་དེ་ཐམས་ཅད་ནི་ཏག་ཏག་མོ་ཤེའི་བཀའ་ཁྲིམས་ནང་དུ་བཀོད་པ་བཞིན་ངེད་ཅག་གི་སྟེང་དུ་བྱུང་ནའང་། ངེད་ཅག་གིས་ད་དུང་རང་ཉིད་སྡིག་པ་དང་བྲལ་ནས་ཁྱེད་ཀྱི་བདེན་པའི་བཀའ་རྟོགས་པའི་ཆེད་དུ་རང་གི་དཀོན་མཆོག་ཡ་ཝཱེ་ལ་སྐྱབས་འཇུག་མ་ཞུས། 14 དེ་བས་དཀོན་མཆོག་ཡ་ཝཱེས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ངེད་ཅག་གི་སྟེང་དུ་གོད་ཆགས་འབྱུང་བར་མཛད་དོ། །གང་ལ་ཞེ་ན། ངེད་ཅག་གི་དཀོན་མཆོག་ཡ་ཝཱེ་ནི་དོན་ཀུན་ལ་ཐུགས་དྲང་པོ་ལགས་པ་དང་། ངེད་ཅག་གིས་ཁོང་གི་བཀའ་གསུང་ལ་རྣ་བ་མ་གཏད་དོ། ། 15 ཀྱེ། ངེད་ཅག་གི་གཙོ་བོ་དཀོན་མཆོག་ལགས། ཁྱེད་ཀྱིས་མཐུ་སྟོབས་ཆེན་པོའི་ཕྱག་གིས་ཉིད་ཀྱི་མི་སྡེ་ཨེ་ཅིབ་ཡུལ་ནས་ཕྱི་རུ་ཁྲིད་འོངས་ནས། དེ་རིང་ཉིན་མོའི་བར་དུ་རང་ཉིད་མཚན་སྙན་གྲགས་རྒྱས་པར་མཛད་མོད། ངེད་ཅག་གིས་སྡིག་པ་བསགས་ནས་སྤྱོད་ངན་སྤྱད་པ་རེད། 16 ཀྱེ་གཙོ་བོ་ལགས། ཁྱེད་ཀྱི་དྲང་བདེན་ཐམས་ཅད་ལ་གཞིགས་ནས་ཁྲོ་གཏུམ་དང་ཞེ་སྡང་ཡོད་ཚད་ཉིད་ཀྱི་གྲོང་ཁྱེར་ཡེ་རུ་སཱ་ལེམ་སྟེ་ཉིད་ཀྱི་རི་བོ་དམ་པ་ལས་ཞི་བར་གྱུར་ཅིག ངེད་རྣམས་ཀྱི་སྡིག་པ་དང་ངེད་ཅག་གི་ཕ་མེས་རྣམས་ཀྱིས་མ་རུང་བ་སྤྱད་པའི་དབང་གིས། ཡེ་རུ་སཱ་ལེམ་དང་ཁྱེད་ཀྱི་མི་སྡེ་ངེད་རྣམས་ནི་ཉེ་འཁོར་ལ་གནས་པའི་མི་རྣམས་ཀྱི་འཕྱ་སྨོད་བྱེད་ཡུལ་དུ་གྱུར་ཏོ། ། 17 ཀྱེ། ངེད་ཅག་གི་དཀོན་མཆོག་ལགས། ད་ལྟ་ཉིད་ཀྱི་ཞབས་ཕྱིའི་གསོལ་འདེབས་དང་ཞུ་བ་ལ་གསན་པར་མཛོད། ཀྱེ་གཙོ་བོ་ལགས། ཞིག་རོར་ལུས་པའི་གནས་དམ་པ་འདིར་ཉིད་ཀྱི་དོན་དུ་ཞལ་མདངས་སྤྲོ་བར་མཛོད་ཅིག 18 ཀྱེ་ང་ཡི་དཀོན་མཆོག་ལགས། ཁྱེད་ཀྱི་སྙན་གྱིས་གསན་པར་མཛོད། ཉིད་ཀྱི་སྤྱན་ཟུང་གིས་ངེད་ཅག་གི་ཞིག་རོ་དང་ཁྱེད་ཀྱི་མཚན་གྱིས་འབོད་པའི་གྲོང་ཁྱེར་དེ་ལ་གཟིགས་སུ་གསོལ། ངེད་རྣམས་ཀྱིས་ཁྱེད་ལ་ཞུ་གསོལ་འབུལ་བའི་རྒྱུ་མཚན་ནི་ངེད་ཅག་ལ་དྲང་བདེན་ཡོད་པས་མ་ཡིན་པར་ཁྱེད་ལ་སྙིང་རྗེ་ཆེན་པོ་མངའ་བས་ཡིན་ནོ། ། 19 ཀྱེ་གཙོ་བོ་ལགས། ཁྱེད་ཀྱིས་གསན་རོགས་གནང་། ཀྱེ་གཙོ་བོ་ལགས། ཁྱེད་ཀྱིས་དགོངས་ཡངས་གནང་བར་ཞུ། ཀྱེ་གཙོ་བོ་ལགས། ཁྱེད་ཀྱིས་ཐུགས་མཉམ་བཞེས་ཏེ་བསྒྲུབ་པར་མཛད་རོགས། ཀྱེ་ང་ཡི་དཀོན་མཆོག་ལགས། ཁྱེད་ཉིད་ཀྱི་ཕྱིར་དུ་འགོར་འགྱང་མི་བྱེད་པར་ཞུ། རྒྱུ་མཚན་ནི་གྲོང་ཁྱེར་འདི་དང་མི་སྡེ་འདི་ནི་ཁྱེད་ཀྱི་མཚན་ནས་འབོད་པའི་ཕྱིར་རོ་ཞེས་ཞུས་པའོ། །
གབ་རི་ཨེལ་གྱིས་དཱ་ནེ་ཨེལ་ལ་བདུན་ཕྲག་བདུན་ཅུའི་སྐོར་གྱི་ལུང་བསྟན་གནང་བ།
20 ངས་གཏམ་སྨྲས་ནས་གསོལ་བ་འདེབས་བཞིན་པ་དང་། རང་གི་སྡིག་པ་དང་ངའི་སྤུན་ཟླ་ཡེས་ར་ཨེལ་པ་རྣམས་ཀྱི་སྡིག་པར་མཐོལ་བཤགས་བྱས་ཏེ། ང་ཡི་དཀོན་མཆོག་གི་རི་བོ་དམ་པའི་ཆེད་དུ་རང་གི་དཀོན་མཆོག་ཡ་ཝཱེ་ལ་ཞུ་བ་འབུལ་བའི་དུས་དང་། 21 བདག་གིས་གསོལ་བ་འདེབས་བཞིན་པའི་སྒང་ལ། དེ་སྔར་ཞལ་གཟིགས་ཁྲོད་དུ་མཐོང་བའི་སྐྱེས་བུ་གབ་རི་ཨེལ་དེ་ཉིད་དགོང་ཁའི་མཆོད་པ་འབུལ་བའི་དུས་ཙམ་ལ་མྱུར་དུ་འཕུར་འོངས་ནས་བདག་གི་གམ་དུ་སླེབས་པ་དང་། 22 བདག་ལ་སློབ་སྟོན་གནང་སྟེ་འདི་སྐད་དུ། ཀྱེ་དཱ་ནེ་ཨེལ། བདག་ནི་ད་ལྟ་ཁྱོད་ལ་རྣམ་དཔྱོད་ཀྱི་རྩལ་དང་ཤེས་རབ་གནང་བར་འོངས་པ་ཡིན། 23 ཁྱོད་ཀྱིས་ཞུ་བའི་འགོ་བརྩམས་མ་ཐག་ཏུ་དཀོན་མཆོག་གིས་བཀའ་གནང་ངོ་། །ད་ལྟ་བདག་གིས་ཁྱོད་ལ་སྨྲ་བར་བྱ་སྟེ། ཁྱོད་ལ་ཤིན་ཏུ་གཅེས་པས་ན་ཁྱོད་ཀྱིས་གསུང་དེར་མཉམ་བཞག་ནས་ཞལ་གཟིགས་དེ་རྟོགས་པར་གྱུར་ཅིག
24 ཁྱོད་ཀྱི་མི་སྡེ་དང་ཁྱོད་ཀྱི་གྲོང་ཁྱེར་དམ་པའི་ཆེད་དུ་བདུན་ཕྲག་བདུན་ཅུ་* འདིར་བདུན་ཕྲག་བདུན་ཅུ་ཞེས་པ་ནི་ལོ་འཁོར་བཞི་བརྒྱ་དགུ་བཅུ་ལ་གོ་སྲིད་པ་ཡིན།གཏན་ལ་ཕབ་ཡོད་དེ། ཉེས་སྐྱོན་མཚམས་འཇོག་པ་དང་། སྡིག་པ་སྤྱོད་པ་མཇུག་བསྡུ་བ། ངན་པ་མཐོལ་བཤགས་བྱེད་པ། དུས་གཏན་གྱི་དྲང་བདེན་ནང་དུ་འདྲེན་པ། ཞལ་གཟིགས་དང་ལུང་བསྟན་གཉིས་ཀ་འགོག་པ། གནས་དམ་མཆོག་དེར་སྣུམ་གྱིས་འབྱུག་པ་བཅས་བྱའོ། ། 25 ཡང་འདི་རྟོགས་ནས་ཧ་གོ་བར་གྱིས། ཡེ་རུ་སཱ་ལེམ་སླར་གསོ་དང་ཡང་བསྐྱར་བཞེང་བའི་བཀའ་བབས་པ་ནས་དེར་མཱ་ཤི་ཀ་སྟེ་རྒྱལ་པོ་དེ་ཉིད་ཕེབས་པའི་བར་དུ་བདུན་ཕྲག་བདུན་དང་། ཡང་བདུན་ཕྲག་དྲུག་ཅུ་རེ་གཉིས་ཡོད་པ་དང་། ཡེ་རུ་སཱ་ལེམ་ནི་ཐ་ན་ཐང་ཆེན་དང་འོབས་དོང་དང་བཅས་པ་ཡང་བསྐྱར་བཞེང་ངེས་ཡིན་ལ། དེ་ནི་དཀའ་སྡུག་ཆེ་བའི་དུས་སྐབས་ཤིག་གོ ། 26 བདུན་ཕྲག་དྲུག་ཅུ་རེ་གཉིས་རྫོགས་རྗེས། མཱ་ཤི་ཀ་ཁོང་ཉིད་བཀྲོངས་ནས་ཅི་ཡང་མེད་པར་འགྱུར་ཞིང་། འོང་བར་འགྱུར་བའི་རྒྱལ་པོ་དེའི་འབངས་མི་རྣམས་ཀྱིས་གྲོང་ཁྱེར་འདི་དང་གནས་དམ་པ་དེ་འཇིག་པར་བྱེད་དོ། །དེའི་མཇུག་འབྲས་ནི་ཆུ་ལོག་གིས་ཁྱེར་བ་དང་འདྲ་ཞིང་། མཐའ་མའི་བར་དུ་དམག་འཁྲུག་འབྱུང་ངེས་ཡིན། ཞིག་རོར་ལུས་པའི་དོན་ལ་ཟློག་ཐབས་མེད་དོ། ། 27 བདུན་ཕྲག་གཅིག་གི་རིང་ལ། ཁོས་མི་མང་པོར་མནའ་འབྲེལ་འཛུགས་ངེས་པ་དང་། བདུན་ཕྲག་གཅིག་གི་ཕྱེད་ཀར་མཆོད་པ་དང་མཆོད་རྫས་མེད་པར་གཏོང་ངོ་། །ཁོས་ད་དུང་མཆོད་ཁང་གི་ནང་དུ་ † མ་ཕྱི་ལས་གཤོག་པའི་སྟེང་དུ་ཞེས་བྲིས་འདུགསྟོང་པར་བྱེད་པའི་སྐྱུག་བྲོ་བ་དེ་བཞེང་བར་འགྱུར་བ་དང་། སྟོང་པར་བྱེད་མཁན་དེའི་སྟེང་དུ་གཏན་ལ་ཁེལ་བའི་མཇུག་འབྲས་འབབ་པའི་བར་དུ་དེ་བཞིན་ནོ་ཞེས་གསུངས་སོ། །
*ལེའུ་དགུ་པ།:24 འདིར་བདུན་ཕྲག་བདུན་ཅུ་ཞེས་པ་ནི་ལོ་འཁོར་བཞི་བརྒྱ་དགུ་བཅུ་ལ་གོ་སྲིད་པ་ཡིན།
†ལེའུ་དགུ་པ།:27 མ་ཕྱི་ལས་གཤོག་པའི་སྟེང་དུ་ཞེས་བྲིས་འདུག