ལེའུ་གཉིས་པ།
དུས་ཐོག་ཏུ་འགྱོད་བཤགས་བྱེད་པར་བསྐུལ་བ།
1 ཀྱེ་ངོ་ཚ་མེད་པའི་མི་སྡེ། ཁྱོད་རྣམས་མཉམ་དུ་འདུས་ཤིག མཉམ་དུ་འདུས་ཤིག 2 བཀའ་མ་བབས་པའི་སྔོན་དང་། ཉིན་མོ་ནི་རླུང་གིས་འཁྱེར་བའི་ཕུབ་མ་བཞིན་དུ་མ་འདས་སྔོན། དཀོན་མཆོག་ཡ་ཝཱེའི་ཁྲོ་གཏུམ་ཁྱོད་ཅག་གི་སྟེང་དུ་མ་བབས་པའི་སྔོན། དཀོན་མཆོག་ཡ་ཝཱེའི་ཐུགས་ཁྲོ་བའི་ཉིན་མོ་ཁྱོད་ཅག་གི་ཐོག་ཏུ་མ་སླེབས་པའི་སྔོན་དུ་ཁྱོད་རྣམས་འདུས་ཤིག 3 ཀྱེ་དཀོན་མཆོག་ཡ་ཝཱེའི་སྒྲིག་སྲོལ་རྣམས་སྲུང་བའི་ས་སྟེང་གི་མི་ཁེངས་སྐྱུང་ཅན་རྣམས། ཁྱོད་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེ་ཚོལ་ཞིག ཁྱོད་རྣམས་ཀྱིས་དྲང་བདེན་དང་གུས་ཞབས་ཚོལ་ཞིག དེ་ནས་དཀོན་མཆོག་ཡ་ཝཱེ་ཐུགས་ཁྲོ་བའི་ཉིན་མོར་ཁྱོད་རྣམས་གཡོལ་ཐུབ་ཀྱང་སྲིད། 4 གཱ་ཟཱ་འདོར་ཞིང་ཨ་ཤཱ་ཀེ་ལོན་སྟོང་བར་འགྱུར། ཨ་སི་དོད་ཀྱི་མི་སྡེ་ནི་ཉིན་གུང་གི་དུས་སུ་ཕྱིར་སྐྲོད་པ་དང་། ཨེག་རོན་ནི་རྩ་བ་ནས་འདོན་པར་འགྱུར་རོ། ། 5 མཚོ་རྒྱུད་ས་ཁུལ་དུ་སྡོད་པའི་མི་སྟེ་ཀེ་རེད་པའི་མི་རྣམས། ཁྱོད་རྣམས་ལ་ཆག་སྒོ་འབྱུང་། ཀྱེ་ཕེ་ལེ་ཤེད་ཀྱི་ཡུལ་ཀ་ན་ཨན། དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་ཏེ། ངས་ཁྱོད་མེད་པར་བྱེད་ཅིང་ཁྱོད་ཀྱི་གནས་སུ་འདུག་མཁན་མེད་ཅེས་པའོ། ། 6 མཚོ་རྒྱུད་ས་ཁུལ་ནི་རྩྭ་ཐང་དུ་འགྱུར་ཞིང་། དེར་ལུག་རྫིའི་འདུག་ས་དང་ལུག་ཁྱུའི་ལྷས་ར་ཡོད་པ་ཡིན། 7 ཡུལ་དེ་ནི་ཡ་ཧུ་དཱ་ཁྱིམ་རྒྱུད་ཀྱི་ལྷག་ལུས་རྣམས་ལ་དབང་ཞིང་། དེ་དག་གིས་ཡུལ་དེ་རུ་ར་ལུག་འཚོ་བ་དང་། མཚན་མོར་དེ་དག་ཨ་ཤཱ་ཀེ་ལོན་གྱི་ཁང་པ་ནང་དུ་ཉལ་བར་འགྱུར། ཅིའི་ཕྱིར་ཞེ་ན། ཁོ་ཚོའི་དཀོན་མཆོག་ཡ་ཝཱེས་ཁོ་ཚོར་གཟིགས་སྐྱོང་མཛད་དེ། ཁོ་རྣམས་བཙོན་དུ་ཁྲིད་པའི་གནས་ལས་ཕྱིར་ལོག་པར་མཛད་དོ། །
མོ་ཨབ་དང་ཨམ་མོན་གཉིས་ལ་ཉེས་ཆད་གཅོད་པ།
8 ངས་མོ་ཨབ་པའི་འཕྱ་སྨོད་བྱེད་པའི་སྐད་དང་། ཨམ་མོན་པའི་དམའ་འབེབས་བྱེད་པའི་སྒྲ་ཐོས་ཏེ། ཁོ་ཚོས་ངའི་འབངས་མི་ལ་སྨད་ནས་དེའི་མངའ་ཁོངས་སུ་བཙན་འཛུལ་བྱེད་པའི་འཇིགས་སྐུལ་བས་ན། 9 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་སྟེ་ཡེས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་དུ། བདག་གིས་རང་གི་ཚེ་སྲོག་དཔང་དུ་བཙུགས་ནས་མནའ་བསྐྱལ་བ་སྟེ། མོ་ཨབ་ནི་སཱ་དོམ་ལྟ་བུ་དང་། ཨམ་མོན་པ་ནི་གཱ་མོ་ར་ལྟར་ཐམས་ཅད་ལྗང་ཚེར་དང་ཚྭ་དོང་། གཏན་དུ་སྟོངས་པའི་གནས་སུ་འགྱུར་ཞིང་། ངའི་འབངས་མི་ལྷག་ལུས་རྣམས་ཀྱིས་དེ་དག་བཅོམ་ནས། ངའི་རྒྱལ་ཁམས་ནང་གི་ལྷག་ལུས་རྣམས་ལ་དེ་དག་གི་ཡུལ་ནོར་སྐལ་དུ་འཐོབ་པར་འགྱུར། 10 དེ་དག་ང་རྒྱལ་ཆེ་ཞིང་རང་རློམ་ཆེན་པོས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེའི་འབངས་མི་ལ་འཕྱ་སྨོད་བྱས་པས་དོན་དེ་ཁོ་ཚོའི་སྟེང་དུ་འབྱུང་ངེས་ཡིན། 11 ཁོ་ཚོར་མཚོན་ན་དཀོན་མཆོག་ཡ་ཝཱེ་ནི་འཇིགས་སུ་རུང་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཁོང་གིས་ས་སྟེང་གི་ལྷ་རྣམས་རིད་པར་མཛད་ཅིང་། དེའི་དུས་སུ་ཡུལ་ཁམས་ཀུན་གྱི་གླིང་ཕྲན་སྟེང་གི་མི་རིགས་རྣམས་ཀྱིས་རང་རང་གི་ཡུལ་ནས་ཁོང་ལ་ཕྱག་འཚལ་བར་འགྱུར་རོ། །
12 ཀྱེ་གུ་ཤ་པ་རྣམས། ཁྱོད་རྣམས་ཀྱང་ངའི་རལ་གྲིས་འགུམ་པར་འགྱུར་ཏེ། 13 ཡ་ཝཱེས་ཕྱག་བརྐྱངས་ཏེ་བྱང་ཕྱོགས་ལ་རྒོལ་ནས་ཨ་སུར་མེད་པར་མཛད་ཅིང་། ནིན་ཝེ་སྟོངས་པར་གྱུར་ནས་སྐམ་ཞིང་དབེན་སྟོང་དུ་ལུས་ཡོང་། 14 ཕྱུགས་ཁྱུ་དང་རི་དྭགས་སྣ་ཚོགས་ནི་དེའི་ནང་དུ་ཉལ་བར་འགྱུར་ཞིང་། འུག་པ་དང་རྒང་ནི་ཀ་བའི་རྩེ་མོར་གནས་ལ། སྒེའུ་ཁུང་ནང་དུ་བྱིའུས་སྐད་སྒྲ་སྒྲོག་པ་དང་། སྒོ་ཐེམ་རྣམས་ཆག་ནས་ཤུག་ཤིང་རྩ་ནས་འགོག་པར་འགྱུར་རོ། ། 15 འདི་ནི་དགའ་སྤྲོ་དང་བཅས་བདེ་བར་གནས་པའི་གྲོང་ཁྱེར་ཡིན་ཏེ། སྔར་དེའི་སེམས་སུ་ང་རང་ཁོ་ན་སྟེ། ང་མ་གཏོགས་གཞན་གང་ཡང་མེད་སྙམ་པ་ཡིན། ཡིན་ན་ཡང་ད་ལྟ་དེ་ནི་དབེན་སྟོང་དང་རི་དྭགས་ཉལ་སའི་གནས་སུ་གྱུར་པ་ཅི་ཡིན་ནམ། གནས་དེ་བརྒྱུད་ནས་འགྲོ་མཁན་ཐམས་ཅད་ཀྱིས་ལག་པ་གཡུགས་ནས་འཕྱ་བར་འགྱུར།