གསུང་མགུར་གྱ་དགུ༌པ།
དཀའ་སྡུག་ཁྲོད་ཀྱི་མགུར་མཆོག
1 ༼ཨེས་རག་པ་ཨེ་ཐན་གྱི་བསླབ་བྱའི་མགུར༌མ།༽ དུས་རྒྱུན་ཡ་ཝཱེའི་བྱམས་བརྩེའི་གླུ་ལེན༌ཞིང༌། །མི་རབས་ཀུན་ཏུ་ཁྱེད་ཀྱི་དྲང་བདེན༌བརྗོད།། 2 ཁྱེད་ཀྱི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌བརྟན། །དྲང་བདེན་ནམ་མཁར་བརྟན་ཞེས་བདག་གིས༌སྨྲ།། 3 བདག་གིས་བདམས་པའི་མི་ལ་ཞལ་ཆད༌བཞག །ང་ཡི་ཞབས་ཕྱི་དཱ་བིད་ལ་མནའ༌བསྐྱལ།། 4 ང་ཡིས་ཁྱོད་ཀྱི་བུ་རྒྱུད་དུས་གཏན༌དུ། །གནས་པར་བྱ་ཞིང་མི་རབས་ཀུན་ལ༌ནི། །ཁྱོད་ཀྱི་རྒྱལ་ཁྲི་བརྟན་པར་བྱ་ཞེས༌གསུངས།།༼ སེ༌ལཱ། ༽ 5 ཀྱེ་ཀྱེ་ཡ་ཝཱེ་ནམ་མཁའི་དབྱིངས་རྣམས༌ཀྱིས། །ཁྱེད་ཀྱི་ངོ་མཚར་དོན་རྣམས་སྒྲོག་བྱེད༌ཅིང༌། །དམ་པའི་ཚོགས་ནང་ཁྱེད་ཐུགས་དྲང་བར༌བསྟོད།། 6 ནམ་མཁར་ཡ་ཝཱེའི་མཚུངས་ཟླ་སུ་ཞིག༌ཡོད། །དམ་པ་རྣམས་ཀྱི་ཁྲོད་དུའང་ཁོང་འདྲ༌མེད།། 7 དམ་པའི་ཚོགས་ནང་དཀོན་མཆོག་བརྗིད་ཉམས༌ཆེ། །ཕྱོགས་བཞིར་ཡོད་པ་ཀུན་ལས་གུས་པར་འོས།། 8 ཀྱེ་ཀྱེ་དཔུང་ཚོགས་དཀོན༌མཆོག་ཡ་ཝཱེ་ལགས། །མཐུ་ལྡན་རྣམས་ལས་ཁྱེད་ཀྱི་མཚུངས་ཟླ༌སུ། །ཁྱེད་ཀྱི་ཕྱོགས་བཞིར་ཉིད་ཀྱི་དྲང་བདེན༌ཡོད།། 9 རྒྱ་མཚོའི་རྦ་རླབས་ཆེན་པོ་དབང་དུ༌བསྒྱུར། །རྦ་ཀློང་འཕྱུར་དུས་ཁྱེད་ཀྱིས་ཞི་བར༌མཛད།། 10 བསད་པའི་མི་ལྟར་ཁྱེད་ཀྱིས་ར་ཧབ་གཏུབ། །མཐུ་ལྡན་དཔུང་པས་དགྲ་རྣམས་གཏོར་བར༌མཛད།། 11 གནམ་ས་གཉིས་ཀ་ཁྱེད་ཀྱི་ཡིན་ལགས༌ཤིང༌། །འཇིག་རྟེན་སྣོད་བཅུད་མ་ལུས་ཁྱེད་ཀྱིས༌བཙུགས།། 12 བྱང་དང་ལྷོ་ཕྱོགས་གཉིས་པོ་ཁྱེད་ཀྱིས༌བཀོད། །ཐ་པོར་དང་ནི་ཧེར་མོན་གཉིས་པོ༌ཡིས། །ཁྱེད་ཀྱི་མཚན་ཕྱིར་དགའ་འབོད་བྱེད་པ༌འོ།། 13 ཁྱེད་ལ་མཐུ་སྟོབས་ལྡན་པའི་དཔུང་པ༌ཡོད། །ཕྱག་ཤེད་ཆེ་ཞིང་ཕྱག་གཡས་མཐོན་པོར༌སྒྲེང༌།། 14 དྲང་པོ་དྲང་གཞག་རྒྱལ་ཁྲིའི་རྨང་གཞི༌ཡིན། །བྱམས་བརྩེ་དྲང་བདེན་ཁྱེད་ཀྱི་དྲུང་དུ༌སྐྱོད།། 15 ཁྱེད་ཕྱོགས་དགའ་འབོད་བྱེད་ཤེས་མི་རྣམས༌བདེ། །ཁྱེད་ཀྱི་ཞལ་ངོའི་མདངས་ནང་དེ་རྣམས༌འགྲུལ།། 16 ཉིན་གང་ཁྱེད་ཀྱི་མཚན་ཕྱིར་དགའ་འབོད༌བྱེད། །ཁྱེད་ཀྱི་དྲང་བ་ཉིད་ཀྱིས་དེ་རྣམས༌འདེགས།། 17 དེ་ཚོའི་གཟི་དཔལ་སྟོབས་ཤུགས་ཁྱེད་རང༌ཡིན། །ཁྱེད་ཀྱི་ཐུགས་རྗེས་ངེད་ཀྱི་རྭ་དུང་འདེགས།། 18 ཅི་ལ་ཞེ་ན་ཡ་ཝཱེ་ང་ཚོའི༌ཕུབ། །ཡེས་ར་ཨེལ་གྱི་དམ་པ་རྒྱལ་པོ༌ཡིན།། 19 དེའི་ཚེ་ཞལ་གཟིགས་ནང་དུ་ཁྱེད་ཉིད༌ཀྱིས། །དད་ལྡན་རྣམས་ལ་འདི་སྐད་གསུངས་པ༌སྟེ། །ང་ཡིས་དཔའ་རྒོད་ཅིག་ལ་རོགས་བྱས༌ཤིང༌། །མི་རྣམས་ཁྲོད་ནས་བདམས་པ་མཐོ་རུ༌བཏེགས།། 20 བདག་གིས་ང་ཡི་ཞབས་ཕྱི་དཱ་བིད༌རྙེད། །ཁོ་བོའི་དམ་པའི་སྣུམ་གྱིས་དེར་བྱུགས༌སོ།། 21 ང་ཡི་ལག་པས་ཁོ་ནི་སྐྱོར་བྱེད༌ཅིང༌། །ང་ཡི་དཔུང་པས་ཁོ་ནི་བརྟན་པར༌བྱ།། 22 དགྲ་ཡིས་དེ་ལ་བསླུ་བར་བྱེད་མི༌ནུས། །ངན་པས་དེ་ལ་གཉའ་གནོན་བྱེད་མི༌འགྱུར།། 23 དེ་ཡི་མཐོང་ངོར་དགྲ་རྣམས་རྡུལ་དུ༌བརླག །དེ་ལ་སྡང་བའི་མི་རྣམས་ས་རུ༌བརྡབ།། 24 ང་ཡི་དྲང་བདེན་བྱམས་བརྩེ་དེ་མཉམ༌གནས། །ང་ཡི་མིང་གིས་དེ་ཡི་རྭ་དུང༌འདེགས།། 25 བདག་གིས་དེ་ཡི་གཡོན་ལག་རྒྱ་མཚོ༌དང༌། །གཡས་ལག་གཙང་པོའི་བར་དུ་བརྐྱང་བར༌བྱ།། 26 དེ་ཡིས་ང་རང་འབོད་ཅིང་འདི་བཞིན༌དུ། །ཁྱེད་ནི་ང་ཡི་ཡབ་དང་དཀོན་མཆོག༌དང༌། །ང་ཡི་སྲོག་སྐྱོབ་བྲག་རི་ཡིན་ཞེས༌ཞུ།། 27 ངས་ཀྱང་དེ་ནི་རང་གི་སྐྱེས་འགོ༌དང༌། །ས་གཞིའི་རྒྱལ་པོ་རྣམས་ཀྱི་མཆོག་ཏུ༌མཛད།། 28 ང་ཡི་བྱམས་བརྩེ་དེ་ལ་རྟག་ཏུ༌བསྐྱུར། །དེ་ལ་བཞག་པའི་ཁ་ཆད་བརྟན་པར༌བྱ།། 29 དེ་ཡི་བུ་རྒྱུད་གཏན་དུ་གནས་པ༌དང༌། །རྒྱལ་ཁྲི་ནམ་མཁའ་བཞིན་དུ་ཡུན་རིང༌བྱ།། 30 དེ་ཡི་བུ་ཚོས་ང་ཡི་བཀའ་སྤང༌ཞིང༌། །ང་ཡི་ཁྲིམས་རྣམས་བཞིན་དུ་མི་སྤྱོད༌པར།། 31 ང་ཡི་སྒྲིག་ཁྲིམས་རྣམས་ཀྱང་དོར་ནས༌ནི། །ང་ཡི་བཀའ་རྒྱ་བསྲུང་བར་མི་བྱེད༌ན།། 32 དེ་ཚོའི་ཉེས་སྐྱོན་ཕྱིར་དུ་དབྱུག་པ༌དང༌། །སྡིག་ཉེས་ཕྱིར་དུ་ལྕག་གིས་བརྡུང་བར༌བྱ།། 33 ང་ཡི་བྱམས་བརྩེ་ཁོ་ལས་ཕྱིར་མི༌ལེན། །ང་ཡི་དྲང་བདེན་ཡང་ནི་བསྐྱུར་མི༌སྲིད།། 34 ང་ཡི་ཁ་ཆད་དང་ནི་བདག་མི༌འགལ། །བདག་གི་སྨྲ་སྒོའི་ཚིག་ཀྱང་བསྒྱུར་མི༌སྲིད།། 35 གཏན་དུ་བདག་གིས་རང་གི་དམ་པ༌ཉིད། །དཔང་དུ་བཙུགས་ནས་འདི་བཞིན་མནའ་བསྐྱལ༌ཏེ། །ང་ཡིས་དཱ་བིད་ལ་ནི་རྫུན་མི༌སྨྲ།། 36 དེ་ཡི་བུ་རྒྱུད་གཏན་དུ་གནས་པ༌དང༌། །རྒྱལ་ཁྲི་ཉི་མ་བཞིན་དུ་ངའི་གམ༌གནས།། 37 ཟླ་བ་ནང་བཞིན་རྟག་ཏུ་གནས་འགྱུར༌ཞིང༌། །གནམ་གྱི་དཔང་པོ་བདེན་པ་ལྟར་དུ༌འགྱུར།།༼ སེ༌ལཱ། ༽ 38 འོན་ཀྱང་ཁྱེད་ཉིད་ཁྱེད་ཀྱིས་བྱུགས་པ༌ལ། །རབ་ཏུ་ཁྲོས་ནས་གཡུགས་ཏེ་སྤངས་པར༌མཛད།། 39 ཞབས་ཕྱིར་བཞག་པའི་ཞལ་ཆད་བསྐྱུར་བ༌དང༌། །དེ་ཡི་ཅོད་པན་ས་རུ་རྫོབ་པར༌མཛད།། 40 དེ་ཡི་ར་སྐོར་ཐམས་ཅད་བཤིགས་པ༌དང༌། །དེ་ཡི་མཁར་རྫོང་རྣམས་ནི་ཞིག་རོར༌མཛད།། 41 ལམ་འགྲོ་ཀུན་གྱིས་དེ་ལས་འཕྲོག་བཅོམ༌བྱས། །ཁྱིམ་མཚེས་རྣམས་ཀྱིས་འཕྱ་བའི་གནས་སུ༌བཏང༌།། 42 ཁྱེད་ཀྱིས་དེ་ཡི་དགྲ་བོའི་གཡས་ལག༌བཏེགས། །དེ་ཡི་དགྲ་བོ་ཐམས་ཅད་དགའ་རུ༌བཅུག། 43 ཁྱེད་ཀྱིས་དེ་ཡི་རལ་གྲིའི་ཁ་ནི༌བཟློགས། །འཐབ་མོའི་ནང་དུ་དེ་ནི་ཚུགས་དཀའ༌བྱས།། 44 ཁྱེད་ཀྱིས་དེ་ཡི་གཟི་དཔལ་ཡལ་བར༌མཛད། །དེ་ཡི་རྒྱལ་ཁྲི་ཡང་ནི་ས་རུ༌བརྡབས།། 45 དེ་ཡི་ན་གཞོན་དུས་ཡུན་ཕྲི་བ་དང༌། །དེ་ནི་ངོ་ཚས་གཡོགས་པར་མཛད་པ༌འོ།།༼ སེ༌ལཱ། ༽ 46 ཀྱེ་ཀྱེ་ཡ་ཝཱེ་འདི་བཞིན་ནམ་དུས༌བར། །ཁྱེད་ཀྱིས་རང་ཉིད་དུས་རྒྱུན་ཡིབ་བམ༌ཅི། །ཐུགས་ཁྲོ་མེ་ལྟར་འབར་ནས་ནམ་དུས༌བར།། 47 ངའི་ཚེ་ཇི་ལྟར་ཐུང་བ་དྲན་པར༌མཛོད། །ཁྱེད་ཀྱིས་བཀོད་པའི་མི་ཀུན་སྙིང་པོ༌མེད།།༼ སེ༌ལཱ། ༽ 48 གསོན་ཞིང་འཆི་བ་མི་མཐོང་བ་ནི༌སུ། །གཤིན་ཡུལ་དབང་ལས་རང་སྲོག་སྐྱོབ་པ༌སུ།།༼ སེ༌ལཱ། ༽ 49 གཙོ་བོ་ཁྱེད་ཀྱིས་སྔར་ནས་དཱ་བིད༌ལ། །ཉིད་ཀྱི་དྲང་བདེན་ངང་ནས་མནའ་བཞེས༌པའི། །བྱམས་བརྩེ་དེ་ནི་ད་ལྟ་གང་དུ༌ཡོད།། 50 གཙོ་བོ་ཞབས་ཕྱིའི་ངོ་ཚ་དྲན་དུ༌གསོལ། །མི་རིགས་ཀུན་གྱི་འཕྱ་དམོད་ཁོག་ལ༌བཅུག། 51 ཀྱེ་ཀྱེ་ཡ་ཝཱེ་ཁྱེད་ཀྱི་དགྲ་རྣམས༌ཀྱིས། །ཚིག་ངན་བཏང་ནས་ཁྱེད་ཀྱི་ཞབས་ཕྱིར་སྨད། །ཁྱེད་ཀྱི་བྱུགས་པའི་གོམ་སྟབས་རེ་རེར༌སྨད།། 52 ཡ་ཝཱེ་ཁོང་ཉིད་གཏན་དུ་བསྟོད་འོས༌སོ། །ཨ་མེན་ཨ་མེན་ཞེས་སུ་ཡང་ཡང༌བརྗོད།།