གསུང་མགུར་ཞེ་བརྒྱད༌པ།
དཀོན་མཆོག་གི་གྲོང་ཁྱེར་ཛ་ཡན།
1 ༼ཀོ་རཱག་གི་བུ་རྣམས་ཀྱི་མགུར༌མ།༽ རང་རེའི་དཀོན་མཆོག་ཉིད་ཀྱི་གྲོང་ཁྱེར༌ཏེ། །རི་བོ་དམ་པར་ཡ་ཝཱེ་ཁྱད་དུ༌འཕགས། །ཁོང་ནི་རབ་ཏུ་བསྟོད་པར་འོས་ལགས༌སོ།། 2 རྒྱལ་པོ་ཆེན་པོའི་གྲོང་ཁྱེར་བྱང་ངོས༌ཀྱི། །ཛ་ཡན་རི་བོ་མཐོན་པོའི་གནས་སུ༌མཛེས། །ས་གཞི་ཡོངས་ཀུན་དགའ་བའི་གནས་མཆོག༌ཡིན།། 3 དཀོན་མཆོག་དེ་ཡི་མཁར་རྫོང་ནང་དུ༌བཞུགས། །ཁོང་ཉིད་སྐྱབས་གནས་ཡིན་པ་གསལ་ལེར༌མངོན།། 4 ལྟོས་དང་རྒྱལ་པོ་རྣམས་ནི་མཉམ་དུ༌འདུས། །ཁོ་རྣམས་ལྷན་ཅིག་མདུན་དུ་སྐྱོད་པ༌ཡིན།། 5 ཁོ་ཚོས་གྲོང་ཁྱེར་དེ་ཉིད་མཐོང་མ༌ཐག །ཡ་མཚན་སྐྱེས་ཤིང་འཇིགས་ནས་བྲོས༌པ་འོ།། 6 ཁོ་རྣམས་དེ་རུ་སྐྲག་ནས་འདར་བ༌དང༌། །ཕྲུ་གུ་བཙའ་བའི་བུད་མེད་བཞིན་དུ༌གདུང༌།། 7 ཤར་རླུང་དང་བཅས་ཐཱར་ཞིས་གྲུ་རྣམས༌གཅོག། 8 ང་ཚོས་དཔུང་ཚོགས་ཡ་ཝཱེའི་གྲོང་ཁྱེར༌ཏེ། །རང་ཅག་དཀོན་མཆོག་ཉིད་ཀྱི་གྲོང་ཁྱེར༌དུ། །ཇི་ལྟར་ཐོས་བཞིན་ང་ཚོས་མཐོང་བ༌ཡིན། །ཁོང་གིས་གྲོང་ཁྱེར་རྟག་ཏུ་བརྟན་པོར༌མཛད།།༼ སེ༌ལཱ། ༽ 9 ཀྱེ་ཀྱེ་དཀོན་མཆོག་ཁྱེད་ཀྱི་མཆོད་ཁང༌དུ། །ང་ཚོས་ཉིད་ཀྱི་བྱམས་བརྩེ་སྒོམ་པར༌བྱེད།། 10 ཀྱེ་ཀྱེ་དཀོན་མཆོག་ཁྱེད་ཀྱི་མཚན་ནང༌བཞིན། །ཁྱེད་ལ་ཕུལ་བའི་བསྟོད་བསྔགས་ས་མཐར༌སླེབས། །ཁྱེད་ཕྱག་གཡས་པར་དྲང་བདེན་ཁྱབ་ནས༌ཡོད།། 11 ཁྱེད་ཀྱི་ཁྲིམས་གཅོད་རྣམས་ཀྱི་དབང་གིས༌ནི། །རི་བོ་ཛ་ཡན་དགའ་ཞིང་ཡ་ཧུ༌དཱའི། །བུ་མོ་ཐམས་ཅད་མགུ་བར་འོས་སོ༌ལོ།། 12 ཁྱོད་རྣམས་ཛ་ཡན་ཡུལ་ལ་འགྲིམ་པ༌དང༌། །སྐོར་བ་བྱས་ནས་ལྕོག་མཁར་རྣམས་རྩིས༌ཤིག། 13 མི་རབས་ཕྱི་མ་རྣམས་ལ་འཆད་ཐུབ༌ཕྱིར། །ཁོང་གི་ལྕགས་རིར་མཉམ་པར་འཇོག་པ་དང་། །ཁོང་གི་ཕོ་བྲང་ལ་ནི་ཞིབ་ལྟ༌གྱིས།། 14 གང་ལ་ཞེ་ན་དཀོན་མཆོག་འདི་ཉིད༌ནི། །རྒྱུན་ནས་རྒྱུན་དུ་རང་རེའི་དཀོན་མཆོག༌ཡིན། །འཆི་བའི་བར་དུ་ང་ཚོར་ལམ་སྟོན༌མཛད།།