གསུང་མགུར་ཞེ་བདུན༌པ།
བླ་ན་མེད་པའི་དཀོན་མཆོག་ཡ་ཝཱེ།
1-2 ༼དབུ་མཛད་ལ་སྤྲད་པའི་ཀོ་རཱག་གི་བུ་རྣམས་ཀྱི་མགུར༌མ།༽ བླ་མེད་ཡ་ཝཱེ་གུས་པར་འོས་པ་དང༌། །ས་གཞི་ཡོངས་ཀྱི་རྒྱལ་ཆེན་ཡིན་པས༌ན། །མི་རིགས་ཀུན་གྱིས་ཐལ་མོ་བརྡབས་ནས༌ནི། །དཀོན་མཆོག་ཉིད་ལ་དགའ་སྤྲོའི་ཀི་སྒྲ༌སྒྲོགས།། 3 ཁོང་གིས་སྡེ་རྣམས་རང་ཅག་འོག་ཏུ༌བསྡུས། །མི་རིགས་རྣམས་ཀྱང་ང་ཚོའི་རྐང་འོག༌བཅུག། 4 ཁོང་གིས་གཅེས་སུ་འཛིན་པའི་ཡ་ཀོབ༌ཀྱི། །གཟི་དཔལ་ཡིན་པའི་ནོར་སྐལ་ང་ཚོར༌བདམས།།༼ སེ༌ལཱ། ༽ 5 ཀི་སྒྲའི་ཁྲོད་དུ་དཀོན་མཆོག་ཡར་འཕགས༌ཤིང༌། །དུང་སྐད་དང་བཅས་ཡ་ཝཱེ་ཡར་འཕགས༌སོ།། 6 ཁྱོད་ཚོས་དཀོན་མཆོག་ཁོང་ལ་བསྟོད་དབྱངས༌ཕུལ། །ང་ཚོའི་རྒྱལ་པོར་བསྟོད་པའི་མགུར་མ༌ཕུལ།། 7 དཀོན་མཆོག་ས་གཞི་ཡོངས་ཀྱི་རྒྱལ་པོ༌ཡིན། །དེའི་ཕྱིར་གོ་རྟོགས་དང་བཅས་ཁོང་ལ༌བསྟོད།། 8 དཀོན་མཆོག་ཉིད་ཀྱིས་མི་རྣམས་དབང་དུ༌བསྒྱུར། །ཁོང་ནི་དམ་པའི་རྒྱལ་ཁྲིར་བཞུགས་པ༌ལགས།། 9 ཨབ་ར་ཧམ་གྱི་དཀོན་མཆོག་འབངས་མི༌བཞིན། །མི་སྡེའི་སྐུ་དྲག་རྣམས་ཀྱང་མཉམ་དུ༌འདུ། །ས་གཞིའི་ཕུབ་རྣམས་དཀོན་མཆོག་ཉིད་ཀྱི༌ཡིན། །ཁོང་ཉིད་རབ་ཏུ་འཕགས་པ་ལགས་པས༌སོ།།