༄༅། །ནེ་ཧེམ་ཡཱའི་མདོ།
ནེ་ཧེམ་ཡཱའི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
ཨེས་སི་རཱའི་ངོ་སྤྲོད་ལ་གཟིགས་རོགས།
ཡི་གེར་འགོད་མཁན་དང་འགོད་དུས།
ཨེས་སི་རཱའི་ངོ་སྤྲོད་ལ་གཟིགས་རོགས། ནེ་ཧེམ་ཡཱའི་གཞུང་འདི་བྱུང་བའི་ལོ་ཚིགས་ནི་སྤྱི་ལོ་སྔོན་གྱི་430ལོའི་ཡས་མས་ཡིན།
བརྗོད་སྙིང་དང་གསུང་འཕྲིན།
ནེ་ཧེམ་ཡཱའི་གཞུང་འདི་ནི་པཱ་པེལ་ལོན་ལ་བཙོན་དུ་ཁྲིད་པའི་ཡ་ཧུ་དཱ་མི་རིགས་ཕྱིར་ལོག་པའི་ལོ་རྒྱུས་གཞིར་བཞག་ནས་རྒྱུན་བསྲིངས་པ་རེད། སྤྱི་ལོ་སྔོན་གྱི་445ལོར་ནེ་ཧེམ་ཡཱ་ཁོང་ཉིད་ཡེ་རུ་སཱ་ལེམ་དུ་ཕེབས་པ་དང་། གྲོང་ཁྱེར་དེའི་མཁར་ཡང་བསྐྱར་བཞེང་མཁན་རྣམས་ལ་འགོ་ཁྲིད་མཛད་ཅིང་། ཨེས་སི་རཱ་དང་མཉམ་དུ་མི་རྣམས་ལ་དབུ་ཁྲིད་ཀྱང་མཛད་པ་རེད། ནེ་ཧེམ་ཡཱ་ཡིས་སྨོན་ལམ་འདེབས་པ་གལ་ཆེན་ཡིན་པར་བརྩིས་པས་གཞུང་འདིའི་ནང་དུ་བརྗོད་གཞི་དེ་ཡང་དང་བསྐྱར་དུ་བྱུང་ཡོད།
འཆར་ཟིན།
1. ནེ་ཧེམ་ཡཱས་གྲོང་ཁྱེར་གྱི་མཁར་ཡང་བསྐྱར་བཞེངས་པའི་སྐོར། ༼1:1-7:3༽
2. ཨེས་སི་རཱའི་མངའ་འོག་གི་འགྱུར་བ། ༼7:4-10:39༽
3. ནེ་ཧེམ་ཡཱའི་འཆར་བཀོད་ཀྱི་སྐོར། ༼11:1-13:31༽
ལེའུ་དང་པོ།
ནེ་ཧེམ་ཡཱ་ཡིས་ཡེ་རུ་སཱ་ལེམ་གྱི་ཆེད་དུ་གསོལ་བ་བཏབ་པ།
ཧ་ཁལ་ཡཱའི་བུ་ནེ་ཧེམ་ཡཱ་ཡི་སྐད་ཆ་ནི་གཤམ་གསལ་ལྟར། རྒྱལ་པོ་ཨར་ཐག་ཤཱ་ཐི་ཡིས་རྒྱལ་སྲིད་བསྐྱངས་པའི་ལོ་ཉི་ཤུ་པའི་ཁིས་ལེབ་ཅེས་པའི་ཟླ་བར། ང་རང་སོའུ་སཱན་གྱི་མཁར་རྫོང་དུ་ཡོད་དུས་འདི་ལྟར་བྱུང་། དེ་ཡང་མི་འགའ་ཞིག་ངའི་སྤུན་ཧ་ནཱ་ནེ་དང་མཉམ་དུ་ཡ་ཧུ་དཱ་ཡུལ་ནས་འོངས་པ་དང་། བདག་གིས་དེ་རྣམས་ལ་བཙོན་ལས་ཐར་ཏེ་ད་ལྟ་ད་དུང་གསོན་པོར་ཡོད་པའི་ཡ་ཧུ་དཱ་པ་རྣམས་ཀྱི་སྐོར་དང་། ཡེ་རུ་སཱ་ལེམ་གྱི་གནས་ཚུལ་ཇི་འདྲ་ཡིན་པར་དྲིས། དེ་རྣམས་ཀྱིས་ང་ལ། བཙོན་ལས་ཐར་ཏེ་ཤུལ་དུ་ལུས་པ་རྣམས་ཀྱིས་ཡུལ་དེར་སྡུག་བསྔལ་ཆེན་པོ་དང་བརྙས་བཅོས་མྱོང་གིན་ཡོད་པར་མ་ཟད། ཡེ་རུ་སཱ་ལེམ་གྱི་མཁར་གྱང་བཤིགས་པ་དང་། དེའི་མཁར་སྒོ་རྣམས་མེས་བསྲེགས་འདུག་གོ་ཞེས་ཟེར། ངས་གཏམ་དེ་ཐོས་རྗེས་ས་རུ་བསྡད་དེ་ངུས་ནས་ཉིན་ཞག་ཁ་ཤས་ལ་མྱ་ངན་བྱས་ཤིང་། ནམ་མཁའི་དཀོན་མཆོག་གི་དྲུང་དུ་སྨྱུང་གནས་དང་བཅས་གསོལ་བ་བཏབ་པ་སྟེ། ཀྱེ། ནམ་མཁའི་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ནི་གུས་ཤིང་འཇིགས་འོས་པའི་དཀོན་མཆོག་ལགས། ཁྱེད་ལ་དགའ་ཞིང་ཁྱེད་ཀྱི་བཀའ་སྲུང་མཁན་རྣམས་ལ་ཞལ་ཆད་བཞིན་དུ་བྱམས་པ་གནང་མཁན་དེ་ལགས། ཁྱེད་ཀྱིས་སྤྱན་ཟུང་ཕྱེ་སྟེ་གཟིགས་རོགས། ཁྱེད་ཀྱི་སྙན་གྱིས་གསན་རོགས། ཁྱེད་ཀྱི་ཞབས་ཕྱི་བདག་གིས་ཉིན་མཚན་མེད་པར་ཁྱེད་ཀྱི་ཞབས་ཕྱི་སྟེ་ཡེས་ར་ཨེལ་པ་རྣམས་ཀྱི་ཆེད་དུ་སྨོན་ལམ་འདི་ལྟར་ཞུ། ངེད་ཡེས་ར་ཨེལ་པ་རྣམས་ཀྱིས་ཁྱེད་ལ་འགལ་བའི་སྡིག་པ་བྱས་པ་ཁས་ལེན་ཞིང་། ང་དང་ངའི་ཕ་ཁྱིམ་ཀུན་གྱིས་སྡིག་པ་བྱས་པའང་ཁས་བླངས་པ་ཡིན། ངེད་ཅག་གིས་ཁྱེད་ལ་ཧ་ཅང་ངན་པའི་ལས་བྱས་པ་དང་། ཁྱེད་ཀྱིས་ཉིད་ཀྱི་ཞབས་ཕྱི་མོ་ཤེ་བརྒྱུད་ནས་གནང་བའི་བཀའ་དང་སྒྲིག་ཁྲིམས་དང་ཁྲིམས་སྲོལ་བཅས་ལ་དོ་སྣང་མ་བྱས་པ་ལ་མཐོལ་ལོ་བཤགས་སོ། ། ཁྱེད་ཀྱིས་ཉིད་ཀྱི་ཞབས་ཕྱི་མོ་ཤེ་ལ་གསུངས་པའི་བཀའ་ནི་འདི་ལྟ་སྟེ། གལ་ཏེ་ཁྱོད་རྣམས་ཀྱིས་སྡིག་པའི་ལས་བྱེད་ན། ངས་ཁྱོད་རྣམས་མི་རིགས་རྣམས་ཀྱི་ཁྲོད་དུ་གཏོར་བར་བྱ། ཡིན་ཡང་གལ་ཏེ་ཁྱོད་རྣམས་ངའི་ཕྱོགས་སུ་ཕྱིར་ལོག་སྟེ་ངའི་བཀའ་ཁྲིམས་རྣམས་བསྲུང་བར་བྱེད་ན། ཁ་ཐོར་དུ་ཕྱིན་པའི་མི་རྣམས་རྒྱང་རིང་དུ་ཡོད་ཀྱང་། བདག་གིས་ངེས་པར་དུ་ཁོ་རྣམས་མཉམ་དུ་བསྡུས་ཏེ། བདག་གིས་རང་གི་མཚན་གྱི་བཞུགས་གནས་སུ་བདམས་པའི་གནས་དེར་འཁྲིད་པར་བྱའོ་གསུངས་པ་ཐུགས་སུ་དྲན་པར་མཛོད། 10 ཁོ་རྣམས་ནི་ཁྱེད་ཉིད་ཀྱི་ནུས་མཐུ་ཆེན་པོ་དང་ཕྱག་སྟོབས་ཆེན་པོས་སྐྱོབ་པར་མཛད་པའི་ཁྱེད་ཀྱི་ཞབས་ཕྱི་དང་འབངས་མི་ཡིན། 11 ཀྱེ། གཙོ་བོ་ལགས། ཁྱེད་ཀྱི་སྙན་གྱིས་ཞབས་ཕྱི་བདག་གི་སྨོན་ལམ་འདིར་གསན་རོགས་ཞུ། ཁྱེད་ཀྱི་མཚན་ལ་གུས་ཤིང་འཇིགས་པའི་ཞབས་ཕྱི་གཞན་དག་གི་སྨོན་ལམ་ལའང་གསན་རོགས་གནང་། ད་ལྟ་ཁྱེད་ཀྱིས་ཞབས་ཕྱི་བདག་གི་ལས་དོན་རྣམས་བདེ་བླག་ངང་འགྲུབ་པར་མཛོད། རྒྱལ་པོའི་མདུན་དུ་ང་ལ་ཐུགས་རྗེ་གནང་བར་མཛོད་ཅེས་གསོལ་ཏོ། །ང་ནི་རྒྱལ་པོའི་ཆང་གཉེར་བློན་ཆེན་ཡིན་ནོ། །