ལེའུ་ཉེར་བཞི་པ།
སེ་ཡབ་ཀྱི་ཤིང་ཏོག་སླེ་པོ་གཉིས་ཀྱི་དཔེ།
པཱ་པེལ་ལོན་གྱི་རྒྱལ་པོ་ནེ་བོ་ཀད་ནེ་ཙར་གྱིས་ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཡཱ་ཀིམ་གྱི་བུ་ཡེ་ཀོན་ཡཱ་དང་། ཡ་ཧུ་དཱའི་འགོ་དཔོན་རྣམས་དང་། ཤིང་བཟོ་དང་། མགར་པ་རྣམས་བཙོན་དུ་བཟུང་སྟེ་ཡེ་རུ་སཱ་ལེམ་ནས་པཱ་པེལ་ལོན་དུ་ཁྲིད་པ་དང་། དོན་འདིའི་རྗེས་སུ་དཀོན་མཆོག་ཡ་ཝཱེས་བདག་ལ་སྟོན་པར་མཛད་པ་ནི། ལྟོས་ཤིག དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་མདུན་དུ་སེ་ཡབ་ཀྱི་ཤིང་ཏོག་སླེ་པོ་གཉིས་བཞག་ཡོད་དེ། སླེ་པོ་གཅིག་གི་ནང་དུ་སེ་ཡབ་ཀྱི་ཤིང་ཏོག་ཤིན་ཏུ་ཡག་པོ་ཐོག་ཕུད་རྣམས་ཡོད་པ་དང་། སླེ་པོ་ཅིག་ཤོས་དེའི་ནང་དུ་རུལ་ནས་བཟའ་ཡང་མི་རུང་བའི་སེ་ཡབ་ཀྱི་ཤིང་ཏོག་རྣམས་ཡོད་པ་ལ། དཀོན་མཆོག་ཡ་ཝཱེས་ང་ལ་འདི་སྐད་དུ། ཡེ་རེམ་ཡཱ། ཁྱོད་ཀྱིས་ཅི་ཞིག་མཐོང་ངམ་ཞེས་བཀའ་འདྲི་གནང་བ་དང་། ངས་ལན་དུ། ངས་སེ་ཡབ་ཀྱི་ཤིང་ཏོག་རྣམས་མཐོང་སྟེ། སེ་ཡབ་ཀྱི་ཤིང་ཏོག་ཡག་པོ་ནི་ཤིན་ཏུ་ཡག་ལ། རུལ་བར་གྱུར་པ་ནི་རུལ་ནས་བཟའ་ཡང་མི་རུང་ངོ་ཞེས་ཞུས་པ་ཡིན། དེ་ནས་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་བ་འདི་ལྟ་སྟེ། ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། བཙོན་དུ་བཟུང་བའི་ཡ་ཧུ་དཱ་པ་སྟེ། ངས་གནས་འདི་ནས་ཀལ་དི་པའི་ཡུལ་དུ་བསྐྲད་པ་དེ་དག་ལ་ངས་སེ་ཡབ་ཀྱི་ཤིང་ཏོག་ཡག་པོ་འདི་དག་ནང་བཞིན་བདག་སྐྱོང་བྱས་ནས་བྱིན་རླབས་འཐོབ་པར་འགྱུར། ངས་དེ་དག་ལ་བདག་སྐྱོང་བྱས་ནས་བྱིན་རླབས་འཐོབ་པར་བྱེད་པ་དང་། དེ་དག་ཁྲིད་ནས་ཡུལ་འདིར་ཕྱིར་ལོག་པར་འགྱུར། ཡང་ངས་དེ་དག་འཛུགས་པར་བྱ་སྟེ་བཤིག་པར་མི་འགྱུར་ལ། ངས་དེ་དག་བཙུགས་ནས་འབྱིན་པར་མི་བྱའོ། ། ཡང་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་ནུས་པའི་སེམས་ཤིག་ངས་དེ་དག་ལ་གནང་ཞིང་། དེ་རྣམས་ངའི་འབངས་མི་དང་ང་དངོས་སུ་དེ་དག་གི་དཀོན་མཆོག་ཏུ་གྱུར་ནས། དེ་དག་སེམས་གཅིག་གིས་ངའི་ཕྱོགས་སུ་ལོག་པར་འགྱུར་ཞེས་གསུངས་སོ། ། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། དེ་ཡང་སེ་ཡབ་ཀྱི་ཤིང་ཏོག་རུལ་ནས་བཟའ་བར་ཡང་མི་རུང་བ་དེ་བཞིན་དུ། ངས་ཡ་ཧུ་དཱའི་རྒྱལ་པོ་ཚིད་ཀི་ཡཱ་དང་དེའི་འགོ་དཔོན་རྣམས་དང་། ཡེ་རུ་སཱ་ལེམ་དུ་ལུས་པའི་ཡུལ་མི་རྣམས་ཏེ་གནས་འདིར་ལུས་པ་རྣམས་དང་། ཡང་ཨེ་ཅིབ་ཡུལ་དུ་གཞིས་ཆགས་པའི་ཡ་ཧུ་དཱ་པ་རྣམས་སྤྲོད་པར་བྱའོ། ། ངས་དེ་དག་ནི་ས་སྟེང་གི་རྒྱལ་ཕྲན་ཡོངས་སུ་འཇིགས་སྣང་ཅན་དང་སྐྱུག་བྲོ་བར་བྱ་སྟེ། ངས་དེ་དག་བསྐྲད་སའི་ཡུལ་སོ་སོར་དེ་དག་ནི་མི་ཡིས་ངོ་ཚ་གཏོད་ས་དང་། གཏམ་དཔེ། ཟུར་ཟ་བྱེད་ཡུལ། དམོད་མོ་འདེབས་ཡུལ་བཅས་སུ་འགྱུར་བར་བྱ། 10 དེ་དག་དང་དེའི་ཕ་མེས་ལ་གནང་བའི་ཡུལ་ཁམས་ནས་ཚར་གཅོད་པའི་བར་དུ། ངས་དེ་དག་གི་སྟེང་ལ་རལ་གྲི་དང་མུ་གེ རིམས་ནད་བཅས་གཏོང་བར་བྱའོ་ཞེས་གསུངས་སོ། །