ལེའུ་ང་དགུ་པ།
ལུང་སྟོན་པས་འབངས་ཀྱི་སྡིག་པར་གཤེ་གཤེ་བཏང་བ།
ལྟོས་ཤིག དཀོན་མཆོག་ཡ་ཝཱེའི་ཕྱག་ཐུང་དྲགས་ནས་སྐྱོབ་མི་ནུས་པ་མ་ཡིན་ལ། ཁོང་གི་སྙན་རྟུལ་ནས་གསན་མི་ནུས་པའང་མ་ཡིན་པར། ཁྱོད་ཅག་གི་ཉེས་པས་ཁྱོད་ཅག་རང་གི་དཀོན་མཆོག་དང་ཕྲལ་ཞིང་། ཁྱོད་རྣམས་ཀྱི་སྡིག་པས་ཁོང་གི་ཞལ་རས་ཁྱོད་ཅག་གི་ཕྱོགས་སུ་སྦས་པ་དང་། ཁྱོད་རྣམས་ཀྱི་གསོལ་འདེབས་ལ་ཁོང་གིས་གསན་མ་གྱུར། གང་ལ་ཞེ་ན། ཁྱོད་རྣམས་ཀྱི་ལག་པ་ཁྲག་གིས་བསླད་ཅིང་མཛུབ་མོ་ཉེས་པས་བཙོག་པར་བཟོས། ཁྱོད་ཅག་གི་ཁ་ནས་རྫུན་བཤད་པ་དང་། ཁྱོད་རྣམས་ཀྱི་ལྕེ་ལས་གཏམ་ངན་སྨྲས། དྲང་བདེན་ངང་ནས་ཞུ་མཁན་གཅིག་ཀྱང་མེད། དྲང་པོས་རྩོད་མཁན་ཡང་གཅིག་ཀྱང་མེད། དེ་དག་སྟོང་བ་ཉིད་ལ་བརྟེན་ཞིང་རྫུན་ལབ། དེ་དག་ལ་གནོད་སེམས་ཆགས་ཤིང་ཉེས་པ་སྐྱེས། དེ་དག་གིས་དུག་སྦྲུལ་གྱི་སྒོ་ང་རུམ་པ་དང་སྡོམ་དྲ་འཐག་པ་ཡིན། སུས་དེ་དག་གི་སྒོ་ང་ཟོས་ན་འཆི་བར་འགྱུར་ལ། སྒོ་ང་ཆག་སྟེ་ཐོན་པ་དུག་སྦྲུལ་ཡིན། དེ་དག་གི་དྲ་བས་གྱོན་གོས་བཟོ་མི་ནུས་ལ། ཁོ་ཚོས་བཟོས་པས་ཀྱང་རང་ཉིད་ཁེབས་པར་མི་འགྱུར། དེ་དག་གིས་སྤྱད་པའི་ལས་ནི་སྡིག་པ་དང་། ལག་ནང་གི་སྤྱོད་པ་ནི་གཏུམ་དྲག་ཡིན། དེ་དག་གི་རྐང་པ་ངན་པའི་ཕྱོགས་སུ་རྒྱུག་ཅིང་། ཉེས་མེད་ལ་ཁྲག་བཞུར་དུ་འཇུག་པར་འཚབ། དེ་དག་གི་བསམ་པ་ནི་ངན་སེམས་དང་། སྤྱོད་ལམ་ནི་གཏོར་བཤིག་དང་ཚར་གཅོད་ཡིན་ནོ། ། དེ་ཚོས་ཞི་བདེའི་ལམ་མི་ཤེས་ལ། དེ་དག་གི་སྤྱོད་ལམ་ནང་དྲང་བདེན་མེད། དེ་ཚོས་རང་ཉིད་ཀྱི་ཕྱིར་དུ་ཀྱག་ཀྱོག་གི་ལམ་བཟོས་པས། ལམ་དེར་འགྲུལ་མཁན་རྣམས་ཀྱིས་ཞི་བདེ་རྟོགས་པར་མི་འགྱུར་རོ། །
དེ་བས་དྲང་པོ་ང་ཚོ་དང་རིང་དུ་གྱེས་ཤིང་། དྲང་བདེན་གྱིས་ང་ཚོ་ཟིན་པ་མིན། ང་ཚོས་འོད་ལ་རེ་ཡང་མུན་པ་འཁྱིལ། འོད་ཟེར་ལ་སྒུག་ཀྱང་སྨག་རུམ་ནང་དུ་འགྲུལ་བའོ། ། 10 ང་ཚོས་ལོང་པ་བཞིན་དུ་རྩིག་པར་ལག་མྱུལ་བྱས། མིག་མེད་བཞིན་དུ་ང་ཚོས་ལག་མྱུལ་བྱས། མུན་རུབ་བཞིན་དུ་ང་ཚོ་ཉིན་གུང་འདྲེད་བརྡབ་ཤོར་ནས། དར་མ་རྣམས་ཀྱི་ཁྲོད་དུ་ང་ཚོ་བེམ་པོ་དང་མཚུངས། 11 རང་ཅག་གིས་དོམ་ལྟར་ངར་སྐད་སྒྲོག་ཅིང་། ཕུག་རོན་བཞིན་དུ་སྨྲེ་སྔགས་འདོན། ང་ཚོས་དྲང་བདེན་འཚོལ་ཡང་དྲང་བདེན་མི་རྙེད། ཐར་པ་ལ་སྒུག་ཀྱང་དེ་ནི་རང་ཅག་དང་རྒྱང་ཐག་ཧ་ཅང་རིང་པོ་ཡིན། 12 གང་ལ་ཞེ་ན། ཁྱེད་ཀྱི་སྤྱན་སྔར་ངེད་ཅག་གི་ཉེས་སྐྱོན་མང་དུ་འཕེལ་ཞིང་། ངེད་ཅག་གི་སྡིག་པས་ང་ཚོ་ཁྲིམས་ལ་སྦྱོར། ང་ཚོའི་ཉེས་སྐྱོན་རང་དང་མཉམ་དུ་གནས་ཤིང་། ང་ཚོས་རང་གི་ཉེས་པ་རྟོགས། 13 ང་ཚོས་གྱེན་ལྡོག་བྱས་ནས་དཀོན་མཆོག་ཡ་ཝཱེ་ཁས་མ་བླངས། ང་ཚོ་རང་གི་དཀོན་མཆོག་གི་རྗེས་སུ་མ་འབྲངས་པར། གཉའ་གནོན་དང་ཕྱིན་ལོག་གི་གཏམ་སྨྲ་ཞིང་། སེམས་ནང་དུ་རྫུན་གཏམ་བསྒྲིགས་ནས་ལབ་པ་ཡིན།
14 དྲང་པོ་ཕྱིར་ནུར་ཞིང་། དྲང་བདེན་རྒྱང་རིང་དུ་འགྲེང་། བདེན་པ་ཐང་ཆེན་དུ་འདྲེད་ཅིང་། དྲང་པོར་འཛུལ་ས་མེད། 15 བདེན་པ་མེད་ཅིང་ངན་པ་དང་བྲལ་བ་དག་བཅོམ་ནོར་དུ་གྱུར། དཀོན་མཆོག་ཡ་ཝཱེས་དེ་ནི་ལས་ངན་པར་གཟིགས་ཏེ། གང་ལ་ཞེ་ན། དྲང་པོ་གང་ཡང་མེད་པའི་ཕྱིར་རོ། ། 16 ཁོང་གིས་སྤྱོད་བཟང་ཅན་དང་། གཞན་གྱི་ཕྱིར་དུ་གསོལ་བ་འདེབས་མཁན་མེད་པ་མཐོང་སྟེ་ཤིན་ཏུ་ངོ་མཚར་བར་གྱུར། དེའི་ཕྱིར་ཁོང་གི་ཕྱག་ངར་གྱིས་སྐྱོབ་པར་མཛད་ཅིང་། ཁོང་གི་དྲང་བདེན་གྱིས་རང་ཉིད་སྐྱོར་ཏོ། ། 17 ཁོང་གིས་དྲང་བདེན་གྱི་གོ་ཁྲབ་མནབས་ཤིང་། དབུ་ལ་ཐར་པའི་དབུ་རྨོག་བསྣམས། འཁོན་ལན་སློག་པའི་ན་བཟའ་མནབས། དང་ཞེན་གྱི་ཕྱི་ལྭ་གསོལ། 18 ཁོང་གིས་མི་རེ་རེའི་བྱ་སྤྱོད་བཞིན་ལན་འཇལ་ཞིང་། ཁོང་གི་ཐུགས་ཁྲོ་ཉིད་ཀྱི་དགྲ་ཡི་སྟེང་འབབ་ཏུ་འཇུག་ཅིང་། ཉིད་ཀྱི་འཁོན་ལན་དགྲ་ཟླའི་སྟེང་དུ་སློག་པ་དང་། གླིང་ཕྲན་སྟེང་གི་མི་རྣམས་ལ་ངན་ལན་འཇལ་ལོ། ། 19 དེ་བས་མི་ཡིས་ཉི་མ་ནུབ་མཚམས་ནས་དཀོན་མཆོག་ཡ་ཝཱེའི་མཚན་ལ་གུས་ཤིང་འཇིགས་པར་བྱེད་ཅིང་། ཉི་མ་ཤར་མཚམས་ནས་ཀྱང་ཁོང་གི་གཟི་བརྗིད་ལ་གུས་ཤིང་འཇིགས་པར་འགྱུར་ཏེ། དགྲ་རྣམས་གཙང་པོ་བཞིན་རྒྱུག་འོང་དུས་དཀོན་མཆོག་ཡ་ཝཱེའི་དབུགས་ཀྱིས་དེ་འདེད་པར་འགྱུར། 20 དེ་ནས་ཛ་ཡན་དང་། ཡ་ཀོབ་ཚང་གི་ཉེས་པ་བཤགས་མཁན་རྣམས་སྐྱོབ་ཕྱིར་སྐྱབས་མགོན་ཞིག་འོང་བར་འགྱུར་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། ། 21 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ང་ལ་མཚོན་ན་དེ་དག་དང་ཁ་ཆད་བཞག་པ་འདི་ལྟ་སྟེ། བདག་གིས་ཁྱོད་རྣམས་ཀྱི་སྟེང་དུ་བཞག་པའི་ཐུགས་ཉིད་དང་། ཁྱོད་ཅག་གི་སྨྲ་སྒོ་རུ་བཞག་པའི་མན་ངག་དེ། ཁྱོད་དང་ཁྱོད་ཀྱི་བུ་རྒྱུད་དང་ཁྱོད་ཀྱི་བུ་རྒྱུད་ཀྱི་བུ་རྒྱུད་བཅས་ཀྱི་སྨྲ་སྒོ་དང་འབྲལ་བར་མི་འགྱུར་བར་རྟག་ཏུ་གནས་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། །