༄༅།།ཨིབ་རི་པ་རྣམས་ལ་སྤྲིངས་པའི་འཕྲིན་ཡིག
ཨིབ་རི་པ་རྣམས་ལ་སྤྲིངས་པའི་འཕྲིན་ཡིག་གི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
དུས་རབས་དང་པོའི་ཆོས་ཚོགས་ལ་བཙན་གནོན་དྲག་པོ་ཐེབས་ཤིང་འཕྲིན་ཡིག་འདི་ནི་སྐབས་དེར་ཡི་གེར་བཀོད་པ་ཡིན། བཙན་གནོན་དྲག་པོ་དེའི་འོག་ཏུ་དད་ལྡན་པ་རྣམས་ཀྱིས་ལུས་སྲོག་གཏོང་བར་གྲ་སྒྲིག་བྱས་ཀྱང་། མི་གཅིག་གིས་ཀྱང་རང་སྲོག་ཤོར་མེད་པ་རེད། འོན་ཀྱང་བཙན་གནོན་དེ་ནི་ཧ་ཅང་ཚབས་ཆེན་པོ་རེད། འཕྲིན་ཡིག་འབྱོར་ཡུལ་ནི་ཡེ་ཤུའི་ཆོས་ལུགས་ཀྱི་དད་པ་སྤངས་ནས་ཕྱིར་ཡ་ཧུ་དཱའི་ཆོས་ལུགས་བསྟེན་དགོས་སྙམ་པའི་ཡ་ཧུ་དཱ་མི་རིགས་ཀྱི་དད་ལྡན་རྣམས་ཡིན་པར་འདྲ་བས། ཡི་གེར་འགོད་མཁན་གྱིས་དད་ལྡན་རྣམས་ལ་ཁོ་ཚོའི་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀ་རང་གི་མགོན་སྐྱབས་ཡིན་པར་ཁས་བླངས་པའི་དད་པ་དེ་བརྟན་པོར་བསྲུང་དགོས་པའི་སྐུལ་སློང་མཛད་པ་རེད།
ཡི་གེར་འགོད་མཁན་དང་འགོད་དུས།
འཕྲིན་ཡིག་འདི་ལས་ཡི་གེར་འགོད་མཁན་སུ་ཡིན་ཁ་གསལ་མེད་ནའང་། དེ་ནི་ཀློག་པ་པོ་རྣམས་ལ་ཆ་རྒྱུས་ཟབ་མོ་ཡོད་པར་གདོན་མི་ཟ། ལོ་ངོ་མང་པོ་ཞིག་ལ་འཕྲིན་ཡིག་འདི་ཡི་གེར་འགོད་མཁན་ནི་སྐུ་ཚབ་པ་ཕོལ་ལོལ་ཡིན་པར་འདོད་མོད། འོན་ཀྱང་ཆོས་ལུགས་བཅོས་སྒྱུར་གྱི་ཚུན་ལ་འདི་ནི་ཕོལ་ལོལ་གྱིས་ཡི་གེར་བཀོད་པ་མིན་པར་དགོངས་མཁན་ཡང་དངོས་སུ་བྱུང་། དམ་པའི་གསུང་རབ་ཀྱི་མཁས་པ་མང་ཤོས་ཀྱི་བཞེད་ཚུལ་ལྟར་ན། འཕྲིན་ཡིག་འདི་ཡི་གེར་འགོད་མཁན་ནི་ཨ་པོལ་ལོའམ་ཡང་ན་པཱར་ན་པཱ་ཡིན་པར་འདོད། ཡི་གེར་འགོད་པའི་དུས་ནི་སྤྱི་ལོ་70ལོ་སྟེ་ཡེ་རུ་སཱ་ལེམ་གྲོང་ཁྱེར་ནུབ་པའི་ལོ་དེའི་ཡར་སྔོན་ཡིན།
བརྗོད་སྙིང་དང་གསུང་འཕྲིན།
གཞུང་འདིའི་བརྗོད་གཞི་ནི་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀ་ཁོང་ཉིད་ནི་དཀོན་མཆོག་གི་ཐུགས་རྗེ་མངོན་པར་མཛད་མཁན་དང་། བར་མི་ཁྱད་དུ་འཕགས་པ་དེ་ཉིད་ཡིན་ཞིང་། ཁོང་ཤིང་རྒྱ་གྲམ་སྟེང་གྲོངས་པའི་དོན་ཆེན་དེ་ཡང་རིན་པོ་ཆེ་ལྟ་བུ་ཡིན། འཕྲིན་ཡིག་འདིའི་འགོ་རྩོམ་དུས་སྐྱབས་མགོན་ཡེ་ཤུ་ཁོང་ནི་དཀོན་མཆོག་གི་གཟུགས་གཞི་ཡིན་པ་དང་། དཀོན་མཆོག་མངོན་པར་གྱུར་པའི་མཐའ་མའང་ཡིན་པར་གསུངས་ཡོད། གཞུང་འདིར་དེ་ལས་མཆོག་ཏུ་གྱུར་པ་དང་ཁྱད་དུ་འཕགས་པ་ཞེས་པའི་གྷི་རིག་གི་ཐ་སྙད་འདི་གཉིས་ཁྱོན་བསྡོམས་ཐེངས་བཅོ་ལྔ་ལ་བྱུང་ཡོད་པས། ཨིབ་རི་པའི་འཕྲིན་ཡིག་ལ་དེ་ལས་ཁྱད་དུ་འཕགས་པའི་གཞུང་ཞེས་མིང་བཏགས་ཀྱང་ཆོག བརྗོད་བྱའི་སྙིང་པོ་འདི་དངོས་སུ་ལག་ལེན་ཇི་ལྟར་བྱེད་འོས་པ་གཞུང་གི་ནང་དུ་གསལ་པོར་བསྟན་ཡོད།
འཆར་ཟིན།
1. སྐྱབས་མགོན་མཱ་ཤི་ཀའི་ཁྱད་དུ་འཕགས་པའི་མངོན་པ། ༼1:1-4༽
2. སྐྱབས་མགོན་མཱ་ཤི་ཀ་ནི་ཕོ་ཉ་རྣམས་ལས་ཁྱད་དུ་འཕགས་པའི་སྐོར། ༼1:5-2:18༽
3. སྐྱབས་མགོན་མཱ་ཤི་ཀ་ནི་མོ་ཤེ་ལས་ཁྱད་དུ་འཕགས་པའི་སྐོར། ༼3:1-4:13༽
4. སྐྱབས་མགོན་མཱ་ཤི་ཀ་ནི་ཨ་རོན་རྒྱུད་ཀྱི་མཆོད་དཔོན་རྣམས་ལས་ཁྱད་དུ་འཕགས་པའི་སྐོར། ༼4:14-7:28༽
5. སྐྱབས་མགོན་མཱ་ཤི་ཀ་ནི་ཁྱད་དུ་འཕགས་པའི་མཆོད་པ་ཡིན་པའི་སྐོར། ༼8:1-10:39༽
6. བཙན་གནོན་འོག་ནས་མུ་མཐུད་དུ་དད་པ་བརྟན་པོར་བྱེད་དགོས་པར་བསྐུལ་བ། ༼11:1-12:29༽
7. མཇུག་སྡོམ། ༼13:1-25༽
ལེའུ་དང༌པོ།
སྲས་དཀོན་མཆོག་ནི་ཕོ་ཉ་ལས་ཁྱད་དུ་འཕགས་པའི༌སྐོར།
དེ་ཡང་དཀོན་མཆོག་གིས་གནའ་བོའི་དུས་སུ་ལུང་སྟོན་པ་རྣམས་བརྒྱུད་ནས་ཐེངས་དུ་མ་དང་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ནས་མེས་པོ་རྣམས་ལ་བཀའ་གསུངས་པ༌དང༌། མཐའ་མའི་ཉིན་མོ་འདི་དག་ལ་ཡང་ཁོང་གི་སྲས་བརྒྱུད་ནས་བདག་ཅག་ལ་བཀའ་གསུངས༌ཤིང༌། སྔ་མོ་ནས་ཁོང་ནི་དངོས་པོ་ཐམས་ཅད་ཀྱི་རྒྱུད་འཛིན་མཁན་དུ་བསྐོས་པ༌དང༌། ཁོང་ཉིད་བརྒྱུད་ནས་འཇིག་རྟེན་ཁམས་ཐམས་ཅད་ཀྱང་བཀོད་པ་ལགས་སོ།། ཁོང་ནི་དཀོན་མཆོག་གི་གཟི་བརྗིད་ལས་འཕྲོས་པའི་འོད་ཟེར་ཡིན༌ལ། དཀོན་མཆོག་གི་ངོ་བོའི་སྣང་བརྙན་དངོས་མའང་ལགས་ཤིང་། ཁོང་གི་ནུས་མཐུ་ཆེ་བའི་བཀའ་ཡིས་རྟག་ཏུ་དངོས་པོ་ཐམས་ཅད་སྐྱོར་བའོ།། ཁོང་གིས་མིའི་རིགས་ཀྱི་སྡིག་པ་དག་པར་མཛད༌རྗེས། ནམ་མཁའི་ཞིང་ཁམས་ཀྱི་གཟི་བརྗིད་བླ་ན་མེད་པ་དེ་ཉིད་ཀྱི་གཡས་ཕྱོགས་སུ་བཞུགས༌ལགས་སོ།། ཁོང་ལ་ཐོབ་པའི་མཚན་སྙན་ནི་ཕོ་ཉ་རྣམས་ལས་མཆོག་ཏུ་གྱུར་པ་ཡིན་པས་ཁོང་ཉིད་དེ་རྣམས་ལས་ཀྱང་ཁྱད་དུ་འཕགས༌པའོ།། ཅིའི་ཕྱིར་ཞེ་ན། དཀོན་མཆོག་གིས་ཕོ་ཉ་རྣམས་ལས་སུ་ལའང་འདི་སྐད༌དུ།
ཁྱོད་ནི་བདག་གི་སྲས་ཡིན༌ཞིང༌།།
དེ་རིང་བདག་ལ་འཁྲུངས་པ་ཡིན།།
ཞེས༌དང༌། ཡང་འདི་སྐད༌དུ།
བདག་ནི་ཁོ་ཡི་ཕ་ཡིན༌ཞིང༌།།
ཁོ་ནི་བདག་གི་བུ་རུ༌འགྱུར།།
ཞེས་གསུངས་མ་མྱོང་བའི་ཕྱིར༌རོ།། དཀོན་མཆོག་གིས་རང་གི་སྲས་ཐོག་མ་དེ་ཉིད་འཇིག་རྟེན་དུ་ཡང་བསྐྱར་བསྐྱལ་ཡོང་བའི་དུས་སུ་འདི་སྐད༌དུ། དཀོན་མཆོག་གི་ཕོ་ཉ་ཐམས་ཅད་ཀྱིས་ཁོང་ལ་ཕྱག་འཚལ་བར་བྱའོ་ཞེས་གསུངས་སོ།། ཡང་དཀོན་མཆོག་གིས་ཕོ་ཉ་རྣམས་ཀྱི་སྐོར་ལ་འདི་སྐད༌དུ།
ཁོང་གིས་རང་གི་ཕོ་ཉ་རླུང་བཞིན༌དང༌།།
ཞབས་ཕྱི་པ་ནི་མེ་ལྕེ་བཞིན་དུ༌མཛད།།
ཅེས་གསུངས༌སོ།། འོན་ཀྱང་། དཀོན་མཆོག་གིས་སྲས་ཀྱི་སྐོར་ལ་འདི་སྐད༌དུ།
དཀོན་མཆོག་ཁྱེད་ཀྱི་བཞུགས་ཁྲི་རྟག་ཏུ༌གནས།།
འཁར་བ་དྲང་པོ་ཁྱེད་ཀྱི་སྲིད་འཁར་ཡིན།།
ཁྱེད་ནི་དྲང་པོར་དགྱེས་ཤིང་ཉེས་པར༌སྡང༌།།
དེའི་ཕྱིར་དཀོན་མཆོག་ཁྱེད་ཀྱི་དཀོན་མཆོག༌གིས།།
ཁྱེད་ཀྱི་གྲོགས་པོ་དག་ལས་ཁྱད་པར༌དུ།།
དགའ་སྤྲོའི་སྣུམ་གྱིས་ཁྱེད་ལ་བྱུགས་པར༌མཛད།།
ཅེས་གསུངས༌སོ།། 10 ཡང་ཁོང་གིས་འདི་སྐད༌དུ།
གཙོ་བོས་ཐོག་མར་ས་གཞིའི་རྨང་བཏིངས་ཤིང་།།
ནམ་མཁའ་འདི་ཡང་ཁྱེད་ཀྱི་ཕྱག་གིས༌མཛད།།
11 གནམ་ས་འཇིག་ཀྱང་ཁྱེད་ནི་རྟག་ཏུ༌བཞུགས།།
གནམ་ས་གཉིས་ནི་གོས་ལྟར་རྙིང་བར༌འགྱུར།།
12 ཁྱེད་ཀྱིས་གནམ་ས་གཉིས་ནི་གོས་བཞིན༌བསྒྲིལ།།
གོས་བཞིན་དེ་ནི་ཡོངས་སུ་བསྒྱུར་པ་ཡིན།།
འོན་ཀྱང་ཁྱེད་རང་ནམ་ཡང་འགྱུར་བ༌མེད།།
ཁྱེད་ཀྱི་ལོ་ཟླ་ནམ་ཡང་རྫོགས་མཐའ༌བྲལ།།
ཞེས་གསུངས༌སོ།། 13 དཀོན་མཆོག་གིས་ཕོ་ཉ་སུ་ལའང་འདི་སྐད༌དུ།
བདག་གིས་ཁྱོད་ཀྱི་བསྟན་དགྲ་ཐམས་ཅད༌ཀུན།།
ཁྱོད་ཀྱི་ཞབས་ཀྱི་སྟེགས་སུ་བསྒྱུར་བའི༌བར།།
བདག་གི་གཡས་སུ་བཞུགས་ཤིང་སྒུག་པར༌བྱའོ།།
ཞེས་གསུངས་མ་མྱོང༌། 14 ཕོ་ཉ་ཐམས་ཅད་ནི་ཞབས་ཕྱི་སྒྲུབ་པའི་སེམས་ཉིད༌དང༌། ཐར་པ་འཐོབ་ངེས་པའི་མི་རྣམས་ལ་ཞབས་ཕྱི་སྒྲུབ་མཁན་དུ་མངགས་པ་མ་ཡིན་ནམ།