༄༅། །མངོན་པའི་མདོ།
མངོན་པའི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
སྐབས་དེར་རོ་མཱ་བཙན་རྒྱལ་གྱིས་རོ་མཱའི་གོང་མ་རྒྱལ་པོར་བསྙེན་བཀུར་བྱེད་དགོས་པའི་བཙན་སྐུལ་གྱི་འགོ་ཚུགས་པ་དང་། སྐྱབས་མགོན་ཡེ་ཤུ་ནི་གཙོ་བོ་ཡིན་པར་དད་པ་བྱེད་པ་ལས། རོ་མཱ་གོང་མའི་རྒྱལ་ཁབ་ཀྱི་སེ་བཟིར་རྒྱལ་པོ་གཙོ་བོ་མིན་པར་འདོད་པའི་ཡེ་ཤུའི་ཆོས་ལུགས་ཀྱི་དད་ལྡན་པ་རྣམས་ལ་མནར་གཅོད་དེ་ལས་དྲག་པོ་ཐེབས་པ་རེད། ཆོས་ཚོགས་ཀྱི་དད་ལྡན་པ་ལ་ལས་སེ་བཟིར་རྒྱལ་པོ་གཙོ་བོ་ཡིན་ཞེས་ཁས་ལེན་མི་བྱེད་ཐབས་མེད་ཡིན་ཞེས་རང་གི་བསམ་ཚུལ་བསྒྲགས་པར་བརྟེན། མ་འོངས་པར་འཇིགས་སུ་རུང་བའི་ཉེན་ཁ་འབྱུང་བའི་ཚེ་ནའང་དད་པ་བརྟན་པོ་ཡོང་ཆེད། ཐབས་དེ་ལས་ཐོན་པའི་ཤན་ཞུགས་ངན་པ་དག་ལ་སྔོན་འགོག་དང་ཡོ་བསྲང་བྱེད་དགོས་པ་རེད།
ཡི་གེར་འགོད་མཁན་དང་འགོད་དུས།
ཡི་གེར་འགོད་མཁན་གྱིས་འཕྲིན་ཡིག་གི་གཞུང་དུ་རང་ཉིད་ཡོ་ཧ་ནན་ཡིན་པར་ཐེངས་བཞི་ལ་བརྗོད་པ་དང་། དུས་རབས་གཉིས་པའི་དུས་ནས་བཟུང་ཡོ་ཧ་ནན་ཁོང་ཉིད་ནི་གཞུང་འདི་ཡི་གེར་འགོད་མཁན་ཡིན་པར་གསུངས། དམ་པའི་གསུང་རབ་ཀྱི་མཁས་པ་མང་ཤོས་ཞིག་གི་བཞེད་ཚུལ་ལྟར་ན་གཞུང་འདི་ནི་སྤྱི་ལོ་95ལོར་ཡི་གེར་བཀོད་པ་ཡིན་པར་དགོངས།
བརྗོད་སྙིང་དང་གསུང་འཕྲིན།
ཡོ་ཧ་ནན་གྱིས་དད་ལྡན་རྣམས་ལ་གོང་མ་རྒྱལ་པོར་བསྙེན་བཀུར་བྱེད་པར་མཐའ་གཅིག་ཏུ་འགོག་རྒོལ་གཏོང་དགོས་པར་སྐུལ་མ་བྱས་པ་དང་། དཀོན་མཆོག་དང་བདུད་སཱ་ཏན་གཉིས་ཀྱི་མཐའ་མཇུག་གི་འཐབ་འཁྲུག་མྱུར་དུ་སླེབ་རྒྱུ་ཡིན་པར་གསུངས། སྤྱིར་བདུད་སཱ་ཏན་གྱིས་དད་ལྡན་རྣམས་ལ་མནར་གཅོད་དེ་ལས་དྲག་པོ་གཏོང་སྲིད་པ་དང་། དད་ལྡན་རྣམས་ཀྱིས་རང་གི་སྲོག་ལ་བབས་ཀྱང་མཇུག་མཐའི་བར་དུ་བཟོད་བསྲན་བྱས་ནས་དད་པ་བརྟན་པོ་བྱེད་དགོས་པ་ཡིན། དད་ལྡན་རྣམས་ཀྱི་དད་པ་ལ་གནོད་འཚེ་ཐེབས་ཀྱང་དཀོན་མཆོག་གིས་ནམ་རྒྱུན་ཁོ་ཚོ་བསྲུང་བར་འགྱུར་བ་དང་། སྐྱབས་མགོན་ཡེ་ཤུ་སླར་ཕེབས་དུས་དཀོན་མཆོག་གིས་དད་ལྡན་རྣམས་ལ་ཉེས་པ་མེད་པར་དག་གསལ་མཛད་ངེས་ལ། སྤྱོད་ངན་ཐམས་ཅད་རྒྱུན་ནས་རྒྱུན་དུ་འཇོམས་པར་མཛད་ངེས་ཤིང་། དཀོན་མཆོག་ལ་དད་པ་བྱེད་མཁན་རྣམས་ནི་མཐའ་མེད་པའི་ཚེ་སྲོག་གི་གཟི་བརྗིད་དང་བཅས་ནམ་མཁའི་ཞིང་ཁམས་ཀྱི་བདེ་སྐྱིད་ནང་དུ་ཞུགས་པར་འགྱུར།
འཆར་ཟིན།
1. གསེར་གྱི་སྒྲོན་སྟེགས་བདུན་གྱི་དཀྱིལ་དུ་མིའི་བུ་མངོན་པར་གྱུར་པ། ༼ 1:1-20 ༽
2. ཆོས་ཚོགས་བདུན་པོར་སྤྲིངས་པའི་འཕྲིན་ཡིག་རྣམས། ༼ 2:1-3:22 ༽
3. བཞུགས་ཁྲི་དང་ཤོག་དྲིལ། ལུ་གུ་བཅས་ཀྱི་སྐོར། ༼ 4:1-5:14 ༽
4. ཐམ་ག་བདུན་པོ། ༼ 6:1-8:1 ༽
5. དུང་དཀར་བདུན་པོ། ༼ 8:2-11:19༽
6. ངོ་མཚར་བའི་ལྟས་སྣ་ཚོགས་དང་དོན་རྐྱེན་རྣམས། ༼ 12:1-14:20 ༽
7. ཕོར་བ་བདུན། ༼ 15:1-16:21 ༽
8. སྨད་འཚོང་མ་ཆེན་མོ་སྟེ་པཱ་པེལ་ལོན། ༼ 17:1-19:5 ༽
9. ལུ་གུའི་གཉེན་སྟོན། ༼ 19:6-10 ༽
10. སྐྱབས་མགོན་ཡེ་ཤུ་ཕྱིར་ཕེབས་པ། ༼ 19:11-21 ༽
11. ལོ་ངོ་ཆིག་སྟོང་རིང་ལ་རྒྱལ་སྲིད་བསྐྱངས་པ། ༼ 20:1-6 ༽
12. བདུད་སཱ་ཏན་གྱི་མཐའ་འབྲས། ༼ 20:7-10 ༽
13. མདོག་དཀར་པོ་ཅན་གྱི་བཞུགས་ཁྲིའི་མདུན་དུ་ལེགས་ཉེས་ཀྱི་ཁྲིམས་ཐག་གཅོད་པ། ༼ 20:11-15 ༽
14. གནམ་ས་གསར་པ་དང་ཡེ་རུ་སཱ་ལེམ་གསར་པའི་སྐོར། ༼ 21:1-22:5 ༽
15. མཇུག་སྡོམ། ༼ 22:6-21 ༽
ལེའུ་དང་པོ།
སྔོན་འགྲོ།
དེ་ཡང་ཡེ་ཤུ་མཱ་ཤི་ཀའི་མངོན་པ་ནི་དཀོན་མཆོག་གིས་ཁོང་ལ་གནང་ཞིང་། དེ་ནི་མྱུར་དུ་འགྲུབ་ངེས་པའི་དོན་རྣམས་ཁོང་གི་ཞབས་ཕྱི་པ་རྣམས་ལ་སྟོན་པར་མཛད་པའི་ཕྱིར་ཡིན་ལ། ཁོང་གིས་ཕོ་ཉ་མངགས་པ་བརྒྱུད་ནས་རང་ཉིད་ཀྱི་ཞབས་ཕྱི་པ་ཡོ་ཧ་ནན་ལ་གསལ་པོར་སྟོན་པར་མཛད་དོ།། ཡོ་ཧ་ནན་གྱིས་དཀོན་མཆོག་གི་བཀའ་དང་ཡེ་ཤུ་མཱ་ཤི་ཀའི་བདེན་དཔང་ལ་རང་གིས་ཅི་མཐོང་བ་ཐམས་ཅད་བཞིན་ར་སྤྲོད་བྱས་པ་ཡིན། ལུང་བསྟན་འདིའི་ཚིག་རྣམས་ཀློག་མཁན་དང་། དེའི་ནང་དུ་ཅི་བཀོད་ཡོད་པ་ཐོས་ཤིང་ཇི་བཞིན་སྲུང་མཁན་རྣམས་ནི་བྱིན་རླབས་ཅན་ཡིན་ཏེ། རྒྱུ་མཚན་ནི་དུས་དེ་སླེབས་ལ་ཉེ་བའི་ཕྱིར་རོ།།
འཚམས་ཞུ་དང་བསྔགས་བརྗོད་ཀྱི་སྐོར།
ཡོ་ཧ་ནན་གྱིས་ཨེ་ཞི་ཡཱ་ཡུལ་དུ་ཡོད་པའི་ཆོས་ཚོགས་བདུན་ལ་འདི་ལྟར་སྨྲས་པ་སྟེ། ད་ལྟ་བཞུགས་པ་དང་། སྔར་མཆིས་པ། ཕེབས་པར་ངེས་པའི་དཀོན་མཆོག་དང་། ཁོང་གི་བཞུགས་ཁྲིའི་དྲུང་དུ་ཐུགས་ཉིད་བདུན་པོ་དང་། གཞུང་དྲང་གིས་བདེན་དཔང་མཛད་ཅིང་གཤིན་པོ་རྣམས་ལས་ཐོག་མར་སླར་གསོན་པ།* གཤིན་པོ་རྣམས་ལས་ཐོག་མར་སླར་གསོན་པ་ཞེས་པ་ནི་སྐྱབས་མགོན་ཡེ་ཤུ་གྲོངས་པ་ནས་ཐོག་མར་གཏན་དུ་སླར་གསོན་པ་དེ་ལ་གོ་བ་ཡིན། འཇིག་རྟེན་གྱི་རྒྱལ་པོ་རྣམས་ཀྱི་མངའ་བདག་སྟེ་ཡེ་ཤུ་མཱ་ཤི་ཀ་བཅས་ནས་ཁྱོད་རྣམས་ལ་ཐུགས་རྗེ་དང་ཞི་བདེ་འཐོབ་པར་སྨོན། ཁོང་གིས་བདག་ཅག་ལ་བྱམས་ཤིང་ཉིད་ཀྱི་སྐུ་ཁྲག་གིས་བདག་ཅག་སྡིག་པ་ལས་ཐར་བར་མཛད་པ་དང་། ཡང་བདག་ཅག་ནི་རྒྱལ་སྲིད་ཅིག་དང་ཁོང་གི་ཡབ་དཀོན་མཆོག་ལ་མཆོད་དཔོན་དུ་མཛད་དོ།། ཁོང་ལ་ནམ་ཡང་གཟི་བརྗིད་དང་མངའ་ཐང་ལྡན་པར་སྨོན། ཨ་མེན།།
ལྟོས་དང་། ཁོང་ཉིད་སྤྲིན་དང་བཅས་ཕེབས་ཡོང་བ་དང་། མིག་ལྡན་ཐམས་ཅད་ཀྱིས་མཐོང་བར་འགྱུར་ཞིང་། ཐ་ན་ཁོང་ལ་མདུང་གིས་སྣུན་མཁན་རྣམས་ཀྱིས་ཀྱང་མཐོང་བར་འགྱུར་ལ། ས་སྟེང་གི་མི་རིགས་ཐམས་ཅད་ཀྱིས་ཁོང་གི་ཕྱིར་དུ་ངུ་འབོད་བྱེད་པར་འགྱུར་རོ།། དེ་བདེན་ནོ། །ཨ་མེན།
གཙོ་བོ་དཀོན་མཆོག་གིས་འདི་སྐད་དུ། བདག་ནི་ཨལ་ཕཱ་དང་ཨོ་མེ་ཀ་ཡིན་ལ། ཨལ་ཕཱ་དང་ཨོ་མེ་ཀ་ཞེས་པ་ནི་གྷི་རིག་པའི་ཡི་གེའི་གསལ་བྱེད་ཐོག་མ་དང་མཐའ་མ་ཡིན་ལ་དོན་དུ་སྐྱབས་མགོན་ཡེ་ཤུ་ནི་ཐོག་མ་དང་མཐའ་མ་ཡིན་པར་གོ ད་ལྟ་བཞུགས་པ་དང་། སྔར་མཆིས་པ། ཕེབས་པར་ངེས་པའི་ཀུན་དབང་དེ་ཉིད་ཡིན་ཞེས་གསུངས་སོ།།
མིའི་བུ་དང་མཚུངས་པ་ཞིག
ཡོ་ཧ་ནན་ང་རང་ནི་ཁྱོད་ཅག་གི་སྤུན་ཟླ་ཡིན་ཞིང་། སྐྱབས་མགོན་ཡེ་ཤུའི་ནང་དུ་ཡོད་པའི་དཀའ་སྡུག་དང་། རྒྱལ་སྲིད། བཟོད་བསྲན་བཅས་སུ་མཉམ་འགྲོགས་ཡིན་ལ། དཀོན་མཆོག་གི་བཀའ་དང་སྐྱབས་མགོན་ཡེ་ཤུའི་དོན་དུ་བདེན་དཔང་བྱས་པའི་རྐྱེན་གྱིས། སྔར་པེད་མོ་ཟེར་བའི་གླིང་ཕྲན་དུ་བསྡད་མྱོང་ངོ་༎ 10 གཙོ་བོའི་ཉིན་མོ་ལ། ང་རང་དམ་པའི་ཐུགས་ཉིད་ཀྱི་ནང་དུ་དྲངས་ཏེ། ངའི་རྒྱབ་ཕྱོགས་སུ་དུང་སྐད་ལྟ་བུའི་སྒྲ་ཆེན་པོ་ཞིག་གྲགས་པ་ཐོས་ཤིང་འདི་སྐད་དུ། 11 ཁྱོད་ཀྱིས་ཅི་མཐོང་བ་ཐམས་ཅད་ཤོག་དྲིལ་སྟེང་དུ་བྲིས་ཏེ། ཨེ་ཕེ་སི་དང་། སི་མིར་ནཱ། ཕེར་ག་མུ། ཐི་ཨ་ཏེ་རཱ། སཱར་དི། ཕི་ལཱ་དེལ་ཕི་ཨ། ལའོ་དི་ཀེ་ཡཱ་བཅས་ཆོས་ཚོགས་བདུན་ལ་སྐུར་ཅིག་ཅེས་གསུངས་སོ།།
12 དེ་ནས་ངས་ཁ་ཕྱིར་འཁོར་ནས་བདག་ལ་སྐད་སྒྲ་སྒྲོག་པ་དང་གསུང་གནང་མཁན་སུ་ཡིན་པར་བལྟ་འདོད་དེ། ཁ་ཕྱིར་འཁོར་ནས་བལྟས་པ་ལ། གསེར་གྱི་སྒྲོན་སྟེགས་བདུན་མཐོང་ངོ་།། 13 སྒྲོན་སྟེགས་དེ་དག་གི་དཀྱིལ་དུ་མིའི་བུ་དང་མཚུངས་པ་ཞིག་བཞུགས་ཡོད་པ་མཐོང་སྟེ། ན་བཟའ་རིང་པོ་ཞབས་ངོས་སུ་ཐུག་པ་ཞིག་མནབས་ཤིང་། བྲང་ཁ་རུ་གསེར་གྱི་སྐེད་ཆིངས་བཅིངས་ཡོད། 14 ཁོང་གི་དབུ་དང་སྐྲ་ནི་ལུག་བལ་དཀར་པོ་དང་ཁ་བ་དཀར་པོ་དང་འདྲ། སྤྱན་ཟུང་ནི་མེ་ལྕེ་དང་མཚུངས། 15 ཞབས་ནི་བཞུ་ཐབ་ནང་དུ་བཙོ་སྦྱང་བྱས་ཤིང་འོད་ཟེར་འཕྲོ་བའི་ལི་དང་འདྲ། གསུང་སྐད་ནི་ཆུ་མང་པོའི་སྒྲ་དང་མཚུངས། 16 ཁོང་གི་ཕྱག་གཡས་པས་སྐར་མ་བདུན་བཟུང་ཡོད་ཅིང་། ཞལ་ནས་རལ་གྲི་རྣོན་པོ་ཁ་གཉིས་ཅན་ཞིག་ཐོན། ཞལ་རས་ནི་ཉི་ཟེར་དྲག་པོ་འཕྲོ་བ་དང་མཚུངས་སོ།།
17 ངས་ཁོང་ཉིད་མཐོང་བ་དང་ཁོང་གི་ཞབས་དྲུང་དུ་སར་འགྱེལ་ཏེ་བེམ་པོ་བཞིན་དུ་གྱུར་ཏོ།། དེ་ནས་ཁོང་གིས་ཕྱག་གཡས་པ་བདག་གི་ལུས་སྟེང་དུ་བཞག་སྟེ་འདི་སྐད་དུ། འཇིགས་པར་མི་བྱའོ།། བདག་ནི་ཐོག་མ་ཡིན་ལ་མཐའ་མའང་ཡིན། 18 གསོན་པོར་བཞུགས་པ་དེ་ཉིད་ཀྱང་ཡིན། བདག་ནི་དེ་སྔར་ཚེ་ལས་འདས་ནའང་། ལྟོས་དང་། ད་ལྟ་ང་རང་སླར་གསོན་ཏེ། ཇི་སྲིད་བར་དུ་གསོན་པོར་གནས་པར་མ་ཟད། འཆི་བ་དང་གཤིན་པོའི་གནས་ཀྱི་ལྡེ་མིག་རྣམས་བདག་གིས་བཟུང་ཡོད། 19 དེའི་ཕྱིར། ཁྱོད་ཀྱིས་མཐོང་བྱུང་བ་རྣམས་དང་། ད་ལྟའི་དོན་རྣམས་དང་། དོན་དེ་དག་གི་རྗེས་སུ་འབྱུང་བར་འགྱུར་བའི་དོན་རྣམས་ཡིག་ཐོག་ཏུ་འགོད་པར་བྱའོ།། 20 ཁྱོད་ཀྱི་མཐོང་ལམ་དུ་གྱུར་པའི་བདག་གི་ཕྱག་གཡས་ཀྱི་སྐར་མ་བདུན་དང་། གསེར་གྱི་སྒྲོན་སྟེགས་བདུན་གྱི་གསང་བ་བརྗོད་ན་འདི་ལྟ་སྟེ། སྐར་མ་བདུན་པོ་ནི་ཆོས་ཚོགས་བདུན་གྱི་ཕོ་ཉ་ཡིན་ལ། སྒྲོན་སྟེགས་བདུན་པོ་ནི་ཆོས་ཚོགས་བདུན་ཡིན་ཞེས་གསུངས་སོ།།

*ལེའུ་དང་པོ།:5 གཤིན་པོ་རྣམས་ལས་ཐོག་མར་སླར་གསོན་པ་ཞེས་པ་ནི་སྐྱབས་མགོན་ཡེ་ཤུ་གྲོངས་པ་ནས་ཐོག་མར་གཏན་དུ་སླར་གསོན་པ་དེ་ལ་གོ་བ་ཡིན།

ལེའུ་དང་པོ།:8 ཨལ་ཕཱ་དང་ཨོ་མེ་ཀ་ཞེས་པ་ནི་གྷི་རིག་པའི་ཡི་གེའི་གསལ་བྱེད་ཐོག་མ་དང་མཐའ་མ་ཡིན་ལ་དོན་དུ་སྐྱབས་མགོན་ཡེ་ཤུ་ནི་ཐོག་མ་དང་མཐའ་མ་ཡིན་པར་གོ