༄༅།།གསུང་མགུར་གྱི༌མདོ།
གསུང་མགུར་གྱི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
གསུང་མགུར་ཞེས་བྱ་བའི་ཁ་བྱང་འདི་ནི་གྷི་རིག་གི་སྐད་དུ་བསྒྱུར་བའི་དམ་པའི་གསུང་རབ་ཞལ་ཆད་རྙིང་པའི་སིབ་ཐུ་ཨ་ཀྱན་ཏི་༼Septuagint༽ཞེས་པ་ལས་བྱུང་བ་ཡིན། ཨིབ་རི་པའི་སྲོལ་རྒྱུན་ལྟར་ན་ཁ་བྱང་འདི་བསྟོད་བསྔགས་ཞེས་པའི་དོན་ཡིན་མོད། འོན་ཀྱང་གསུང་མགུར་ཕལ་ཆེ་བ་གསོལ་འདེབས་ཀྱི་སྐོར་ཡིན་པ་རེད།
ཡི་གེར་འགོད་མཁན་དང་འགོད་དུས།
གསུང་མགུར་བརྒྱ་དང་ལྔ་བཅུ་ལས་གསུང་མགུར་བརྒྱ་ཡི་གེར་འགོད་མཁན་ནི་གཤམ་གྱི་མི་འདི་དག་ཡིན། དཱ་བིད་ཀྱིས་གསུང་མགུར་བདུན་ཅུ་དོན་གསུམ་ཡི་གེར་བཀོད་པ་དང་། ཨ་སབ་ཀྱིས་གསུང་མགུར་བཅུ་གཉིས་ཡི་གེར་བཀོད། ཀོ་རཱག་གི་བུ་རྒྱུད་ཀྱིས་གསུང་མགུར་བཅུ་ཡི་གེར་བཀོད། མོ་ཤེ་ཡིས་གསུང་མགུར་གཅིག་ཡི་གེར་བཀོད། ཨེས་རཱ་པ་ཧེ་མཱན་གྱིས་གསུང་མགུར་གཅིག་ཡི་གེར་བཀོད། ཨེས་རཱ་པ་ཨེ་ཐན་གྱིས་གསུང་མགུར་གཅིག་ཡི་གེར་བཀོད། སོ་ལོ་མོན་གྱིས་གསུང་མགུར་གཉིས་ཡི་གེར་བཀོད་ཡོད་པ་རེད། གསུང་མགུར་ལྔ་བཅུ་ལ་ཡི་གེར་འགོད་མཁན་གྱི་མིང་བཀོད་མི་འདུག གསུང་མགུར་གྱི་མཐའ་མའི་བསྡུ་རུབ་དང་བཀོད་སྒྲིག་གནང་མཁན་ནི་བཙན་ཁྲིད་བྱས་པའི་ཡ་ཧུ་དཱའི་མི་རིགས་ཕྱིར་སླེབས་རྗེས་ཀྱི་མཆོད་ཁང་གི་ཆེད་ལས་མི་སྣ་ཡིན། དོན་དེ་ནི་ཧ་ལམ་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་ནང་བྱུང་བ་ཞིག་རེད། སྤྱི་ལོའི་དུས་རབས་དང་པོའི་སྐབས་སུ་མི་རྣམས་ཀྱིས་གཞུང་འདི་ལ་གསུང་མགུར་ཞེས་འབོད། དེའི་སྐོར་༼ལོ་ཀུའི་འཕྲིན་བཟང་གི་ལེའུ་ཉི་ཤུ་པའི་ཚིག་རྐང་ཞེ་གཉིས་པ་དང་མཛད་འཕྲིན་གྱི་ལེའུ་དང་པོའི་ཚིག་རྐང་ཉི་ཤུ་བཅས་སུ་གསལ།༽
བརྗོད་སྙིང་དང་གསུང་འཕྲིན།
གསུང་མགུར་འདི་ནི་དྲི་བ་དྲིས་ལན་གྱི་ཆོས་ཀྱི་ལྟ་བའི་གཞུང་མ་ཡིན་པར། མང་ཤོས་གསོལ་འདེབས་དང་བསྟོད་བསྔགས་ཀྱི་གཞུང་ཡིན། གསུང་མགུར་གྱི་ནང་དུ་དཀོན་མཆོག་ལ་གསོལ་བ་བཏབ་ནས་ཁ་བརྡ་བྱེད་པ་དང་། ཡིད་ཆེས་དང་དད་པ་རྣམ་དག་ངང་དཀོན་མཆོག་ལ་བསྟོད་བསྔགས་བརྗོད་ཡོད། གསུང་མགུར་ལས་དཀོན་མཆོག་གི་ལྟ་གྲུབ་རིག་པའི་སྙིང་པོ་འདི་ལྟ་སྟེ། ལྡོག་མེད་ཀྱི་ཡིད་ཆེས་ལ་བརྟེན་ནས་དཀོན་མཆོག་ནི་མི་ཚེའི་འབྱུང་ཁུངས་ཡིན་པར་མ་ཟད། ལོ་རྒྱུས་ཀྱི་བྱུང་རབས་དང་འཇིག་རྟེན་ཧྲིལ་པོའི་སྙིང་པོ་ཡིན་པར་རྟོགས་དགོས། ཁོང་ནི་ཡོད་ཚད་ཀྱི་རྒྱལ་པོ་ཆེན་པོ་དང་ཐམས་ཅད་ལ་དབང་བྱེད་མཁན་གཅིག་པུ་ལགས་སོ། །
འཆར་ཟིན།
1. སྡེ་ཚན་དང་པོ། གསུང་མགུར་དང་པོ་ནས་ཞེ་གཅིག་བར།
2. སྡེ་ཚན་གཉིས་པ། གསུང་མགུར་ཞེ་གཉིས་ནས་བདུན་ཅུ་དོན་གཉིས་བར།
3. སྡེ་ཚན་གསུམ་པ། གསུང་མགུར་བདུན་ཅུ་དོན་གསུམ་ནས་གྱ་དགུ་བར།
4. སྡེ་ཚན་བཞི་པ། གསུང་མགུར་དགུ་བཅུ་ནས་བརྒྱ་དང་དྲུག་བར།
5. སྡེ་ཚན་ལྔ་པ། གསུང་མགུར་བརྒྱ་དང་བདུན་ནས་བརྒྱ་དང་ལྔ་བཅུ་བར།
1
སྡེ་ཚན་དང་པོ།
དོན་དམ་གྱི་བདེ་བ།
1 སྡིག་སྤྱོད་མི་ཡི་ཇུས་བཞིན་མི་འགྲུལ༌ཞིང༌། །སྡིག་ཅན་དག་གི་ལམ་ནང་མི་འགྲེང༌བར། །འཕྱ་མཁན་གྲལ་དུ་མི་འདུག་པ་ནི༌བདེ།། 2 ཡ་ཝཱེའི་བཀའ་ཁྲིམས་ལ་ནི་ཡི་རང༌ཞིང༌། །ཉིན་མཚན་ཀུན་ཏུ་བཀའ་ཁྲིམས་སྒོམ་མཁན༌ནི།། 3 ཆུ་རྒྱུན་འགྲམ་དུ་བཙུགས་པའི་ལྗོན་ཤིང༌བཞིན། །དུས་དང་མཐུན་པར་འབྲས་བུ་བསྐྱེད་བྱེད༌ཅིང༌། །ལོ་མ་དག་ཀྱང་ནམ་ཡང་མི་རྙིད༌ལ། །མི་དེས་ཅི་བྱེད་དོན་ཀུན་འགྲུབ་པར༌འགྱུར།། 4 འོན་ཀྱང་སྡིག་སྤྱོད་མི་ནི་ཆ་མི༌མཚུངས། །དེ་ནི་རླུང་གིས་ཁྱེར་བའི་ཕུབ་མ༌འདྲ།། 5 ཁྲིམས་ཐག་གཅོད་དུས་སྡིག་སྤྱོད་ཚུགས་མི༌ཐུབ། །དྲང་པོའི་ཚོགས་ནང་སྡིག་ཅན་དེ་བཞིན༌ཡིན།། 6 ཡ་ཝཱེས་དྲང་པོ་རྣམས་ཀྱི་ལམ་གཟིགས༌ཤིང༌། །སྡིག་སྤྱོད་དག་གི་ལམ་ནི་འཇིག་པར༌འགྱུར།།