༄༅། །ཨེས་སི་རཱའི་མདོ།
ཨེས་སི་རཱའི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
ཨེས་སི་རཱ་དང་ནེ་ཧེམ་ཡཱ་ཞེས་པའི་མདོ་གཉིས་ནི་ཨིབ་རི་པའི་ཕྱི་མོ་ནས་ཆེས་སྔ་བའི་གྲས་ཀྱི་མདོ་གཅིག་ཡིན། ཨོར་རི་རྒྱན་༼Origen༽ཞེས་པའི་རྩོམ་པ་པོ་༼སྤྱི་ལོ་185-253ལོའི་བར་དུ་བཞུགས།༽ཁོང་གིས་མདོ་འདི་གཉིས་ཁ་ཁ་སོ་སོ་ཡིན་པའི་ལྟ་ཚུལ་ཐོག་མར་གླེང་། ཁོང་གིས་མདོ་འདི་གཉིས་ལ་ཨེས་སི་རཱ་དང་པོ་དང་ཨེས་སི་རཱ་གཉིས་པ་ཞེས་བཏགས། མདོ་འདི་གཉིས་གཅིག་ཡིན་པར་བཞེད་ནའང་། ནེ་ཧེམ་ཡཱའི་ལེའུ་དང་པོའི་ཚིག་རྐང་དང་པོའི་མིང་བྱང་དེས་མདོ་འདི་གཉིས་སོ་སོ་ཡིན་པ་མཚོན་ཡོད།
ཡི་གེར་འགོད་མཁན་དང་འགོད་དུས།
དམ་པའི་གསུང་རབ་ཀྱི་ཆེད་མཁས་པ་མང་པོ་ཞིག་གིས་ཨེས་སི་རཱ་དང་ནེ་ཧེམ་ཡཱའི་མདོ་གཉིས་ཡི་གེར་འགོད་མཁན་ནམ་གུང་བསྒྲིགས་གནང་མཁན་ནི་སྔོན་རབས་ཀྱི་མདོ་དང་པོ་དང་གཉིས་པ་གཉིས་ཀྱི་ཡི་གེར་འགོད་མཁན་ཡིན་པར་ཡང་བཞེད། བཞེད་ཚུལ་དེ་བྱུང་དོན་ནི་མདོ་དེ་གཉིས་ནས་ངེས་གཏན་བྱུང་བའི་ཁྱད་ཆོས་འདྲ་མཚུངས་ཡིན་པ་རེད། སྔོན་རབས་ཀྱི་མཇུག་ཏུ་ཡོད་པའི་ཚིག་རྐང་དང་ཨེས་སི་རཱའི་མགོ་ལ་ཡོད་པའི་ཚིག་རྐང་རྣམས་གཅིག་མཚུངས་ཡིན་པ་དང་། མདོ་དེ་གཉིས་ཡི་གེར་འགོད་མཁན་ལ་གདུང་རྒྱུད་དང་མིང་ཐོ་བསྒྲིགས་པར་མོས་པ་ཡོད་ཀྱང་། དེ་གཉིས་ལ་ཁྱད་པར་ཡང་ཆེན་པོ་ཡོད་པས་ཡི་གེར་འགོད་མཁན་གྱི་མཚན་དངོས་ལ་ཅི་ཟེར་ངེས་གཏན་བྱུང་མེད། ཨེས་སི་རཱའི་མདོ་བྱུང་བའི་ལོ་ཚིགས་ནི་སྤྱི་ལོ་སྔོན་གྱི་440ལོའི་ཡས་མས་ཡིན།
བརྗོད་སྙིང་དང་གསུང་འཕྲིན།
ཨེས་སི་རཱའི་མདོ་ལས་ཡ་ཧུ་དཱ་པ་རྣམས་པཱ་པེལ་ལོན་ལ་བཙོན་དུ་ཁྲིད་པ་ནས་ཕྱིར་ཡ་ཧུ་དཱའི་ཡུལ་དུ་ལོག་པ་དང་མཆོད་ཁང་ཡང་བསྐྱར་བཞེངས་པའི་སྐོར་བརྗོད་ཡོད། སྤྱི་ལོ་སྔོན་གྱི་516ལོར་མི་རྣམས་ཀྱིས་མཆོད་ཁང་བཞེངས་ཚར་ནས་བསྔོ་སྨོན་གྱི་མཛད་སྒོར་རོལ། དེ་ཚོའི་དགྲ་དཔུང་གིས་ཁོ་ཚོ་བྱང་ཕྱོགས་ནས་ལོ་18རིང་ལ་ནར་འགྱངས་བྱས་ནས་བཀག་ཀྱང་མཐར། སྤྱི་ལོ་སྔོན་གྱི་520ལོར་ཏ་ཟིག་ཡུལ་གྱི་རྒྱལ་པོ་དར་ཡཱས་ཁོ་ཚོར་མཆོད་ཁང་མཇུག་གྲུབ་པའི་ཆོག་མཆན་གནང་། དེ་ནས་ཨེས་སི་རཱས་མི་རྣམས་ལ་བཀའ་ཁྲིམས་བསླབས་ནས་ཁོ་ཚོའི་ཆོས་ཀྱི་མི་ཚེ་ལ་བསྐྱར་བཅོས་བྱས་པར་བརྟེན། མཐའ་འཁོར་གྱི་མི་རིགས་གཞན་དག་གིས་ཡ་ཧུ་དཱ་པ་རྣམས་ནི་དཀོན་མཆོག་གིས་བདམས་པའི་མི་རིགས་ཡིན་པ་ཤེས་ཐུབ་པ་རེད།
འཆར་ཟིན།
1. བཙོན་དུ་ཁྲིད་པ་རྣམས་ཐེངས་དང་པོར་ཕྱིར་ཡ་ཧུ་དཱའི་ཡུལ་དུ་ལོག་པའི་སྐོར། ༼1:1-2:70༽
2. མཆོད་ཁང་ཡང་བསྐྱར་བཞེངས་པའི་སྐོར། ༼3:1-6:22༽
3. ཨེས་སི་རཱ་ཕྱིར་ཕེབས་པ་དང་ཆོས་ཀྱི་ཞབས་ཕྱི་བསྒྲུབས་པའི་སྐོར། ༼7:1-10:44༽
ལེའུ་དང་པོ།
རྒྱལ་པོ་ཀོ་རེས་ཀྱིས་ཡ་ཧུ་དཱ་པ་རྣམས་ཕྱིར་རང་ཡུལ་དུ་ལོག་པར་བཀའ་བསྩལ་པ།
དེ་ཡང་ཏ་ཟིག་གི་རྒྱལ་པོ་ཀོ་རེས་ཀྱི་སྲིད་ལོ་དང་པོར། དཀོན་མཆོག་ཡ་ཝཱེས་ཁོང་ཉིད་ཀྱི་བཀའ་སྟེ་ཡེ་རེམ་ཡཱའི་ངག་བརྒྱུད་ནས་གསུངས་པ་དེ་འགྲུབ་པར་མཛད་པའི་ཕྱིར། ཏ་ཟིག་གི་རྒྱལ་པོ་ཀོ་རེས་ལ་ཡི་གེར་བཀོད་དེ་རང་གི་རྒྱལ་ཁམས་ཡོངས་ལ་ཁྱབ་བསྒྲགས་བྱེད་པར་སྐུལ་མ་གནང་ནས་འདི་ལྟར་བྲིས་པ་སྟེ། ཏ་ཟིག་གི་རྒྱལ་པོ་ཀོ་རེས་ཀྱིས་འདི་ལྟར། ནམ་མཁའི་དཀོན་མཆོག་ཡ་ཝཱེས་ས་གཞིའི་རྒྱལ་ཁམས་ཐམས་ཅད་བདག་ལ་གནང་བ་དང་། ཁོང་གིས་བདག་ཡ་ཧུ་དཱ་ཡུལ་གྱི་ཡེ་རུ་སཱ་ལེམ་དུ་ཁོང་གི་ཕྱིར་མཆོད་ཁང་ཞིག་བཞེང་བར་བསྐོས་པ་ཡིན། ཁྱོད་ཅག་གི་ཁྲོད་དུ་དཀོན་མཆོག་གི་འབངས་མི་གང་དང་གང་ཡོད་ན། ཁོ་ཚོའི་དཀོན་མཆོག་དེ་དག་དང་མཉམ་དུ་བཞུགས་པར་ཤོག དེ་དག་ཡ་ཧུ་དཱ་ཡུལ་གྱི་ཡེ་རུ་སཱ་ལེམ་དུ་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ཡང་བསྐྱར་བཞེང་བར་ཡར་འགྲོ་རུ་ཆུག ཁོང་ནི་ཡེ་རུ་སཱ་ལེམ་དུ་བཞུགས་པའི་དཀོན་མཆོག་ཡིན། གནས་དེའི་མི་ཡིས་གསེར་དང་དངུལ། རྒྱུ་ནོར། ཕྱུགས་ཟོག་བཅས་ཀྱིས་གང་ས་གང་དུ་སྡོད་པའི་མི་ལྷག་ལུས་རྣམས་ལ་རོགས་བྱེད་དགོས། དེར་མ་ཟད་ཡེ་རུ་སཱ་ལེམ་གྱི་དཀོན་མཆོག་གི་མཆོད་ཁང་དུ་ཡིད་མོས་མཆོད་པ་འབུལ་དགོས་ཞེས་བཀའ་བསྩལ། དེ་ནས་ཡ་ཧུ་དཱ་དང་། པེན་ཡཱ་མེན་གྱི་ཚོ་དཔོན་དང་། མཆོད་དཔོན་རྣམས། ལེ་ཝི་པ་རྣམས་ཏེ་དཀོན་མཆོག་ནས་སེམས་འགུལ་ཐེབས་པ་ཐམས་ཅད་ཡར་ཡེ་རུ་སཱ་ལེམ་དུ་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ཡང་བསྐྱར་བཞེང་བར་ཕྱིན། ཡང་ཕྱོགས་བཞིར་གནས་པ་རྣམས་ཀྱིས་དངུལ་གྱི་ཡོ་བྱད་དང་གསེར། རྒྱུ་ནོར། ཕྱུགས་ཟོག རིན་པོ་ཆེ་བཅས་ཀྱིས་རྒྱབ་སྐྱོར་བྱས་པར་མ་ཟད། རང་མོས་ཀྱིས་འབུལ་བ་སྣ་ཚོགས་ཕུལ་ཞིང་། རྒྱལ་པོ་ཀོ་རེས་ཀྱིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་སྣོད་ཆས་རྣམས་ཕྱིར་བཏོན་པ་དང་། སྣོད་ཆས་དེ་དག་ནི་སྔར་རྒྱལ་པོ་ནེ་བོ་ཀད་ནེ་ཙར་གྱིས་ཡེ་རུ་སཱ་ལེམ་ནས་ཁྱེར་ཅིང་རང་གི་ལྷ་ཁང་དུ་བཞག་པ་རྣམས་ཡིན་ཏེ། ཏ་ཟིག་གི་རྒྱལ་པོ་ཀོ་རེས་ཀྱིས་ཕྱག་མཛོད་མིད་རེ་དད་མངགས་ཏེ་སྣོད་ཆས་དེ་རྣམས་ཕྱིར་བླངས་ནས་ཡ་ཧུ་དཱའི་འགོ་དཔོན་ཤེ་སཱ་པ་ཙར་ལ་རྩིས་སྤྲད་པ་རེད། དེ་དག་གི་བསྡོམས་གྲངས་ནི་འདི་ལྟ་སྟེ། གསེར་གྱི་གསོལ་སྡེར་སུམ་ཅུ་དང་། དངུལ་གྱི་གསོལ་སྡེར་ཆིག་སྟོང་། གྲི་ཉེར་དགུ། 10 གསེར་གྱི་ཕོར་བ་སུམ་ཅུ། དངུལ་གྱི་ཕོར་བ་དམིགས་རྟེན་བཞི་བརྒྱ་དང་བཅུ། སྣོད་ཆས་གཞན་པའི་རིགས་ཆིག་སྟོང་བཅས་ཡོད། 11 གསེར་དང་དངུལ་གྱི་སྣོད་ཆས་ཐམས་ཅད་བསྡོམས་པས་ལྔ་སྟོང་བཞི་བརྒྱ་ཡོད། བཙོན་དུ་ཁྲིད་པའི་མི་རྣམས་པཱ་པེལ་ལོན་ནས་ཡེ་རུ་སཱ་ལེམ་དུ་འོང་དུས། ཤེ་སཱ་པ་ཙར་གྱིས་སྣོད་ཆས་འདི་ཐམས་ཅད་ཀྱང་ཁྱེར་འོངས་སོ། །