༄༅། །སཱ་མུ་ཨེལ་གྱི་མདོ་གཉིས་པ།
སཱ་མུ་ཨེལ་གྱི་མདོ་གཉིས་པའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
ཐོག་མའི་དུས་སུ་སཱ་མུ་ཨེལ་དང་པོ་དང་གཉིས་པ་གཉིས་ནི་གཞུང་གཅིག་ཡིན། དེའི་སྐོར་སཱ་མུ་ཨེལ་དང་པོའི་ངོ་སྤྲོད་ལ་གཟིགས་རོགས།
ཡི་གེར་འགོད་མཁན་དང་འགོད་དུས།
སཱ་མུ་ཨེལ་དང་པོའི་ངོ་སྤྲོད་ལ་གཟིགས་རོགས།
བརྗོད་སྙིང་དང་གསུང་འཕྲིན།
སཱ་མུ་ཨེལ་གཉིས་པའི་གཞུང་གི་ནང་དུ་རྒྱལ་པོ་དཱ་བིད་ཕུལ་དུ་བྱུང་བ་ཞིག་མིན་ནའང་། ཁོང་ནི་དཀོན་མཆོག་གི་རྒྱལ་སྲིད་ཡང་དག་པར་བསྐྱངས་པའི་ཚབ་མཚོན་མི་སྣ་ཡིན་པར་བརྗོད་ཡོད། དཱ་བིད་ཀྱིས་རྒྱལ་སྲིད་བསྐྱངས་པའི་དུས་སུ་དཀོན་མཆོག་གིས་རྒྱལ་ཁམས་དར་བར་མཛད་པ་དང་དགྲ་བོ་རྣམས་ཆམ་ལ་ཕབ། གཞུང་འདིའི་ལེའུ་བདུན་པར་དཀོན་མཆོག་གིས་དཱ་བིད་ཀྱི་རྒྱལ་རྒྱུད་གཏན་དུ་གནས་པ་དང་དཱ་བིད་ལ་བཞག་པའི་ཞལ་ཆད་ཀྱང་གཏན་དུ་གནས་པའི་ཞལ་བཞེས་གནང་བར་གསུངས་ཡོད།
འཆར་ཟིན།
1. དཱ་བིད་ཡ་ཧུ་དཱ་པའི་རྒྱལ་པོར་གྱུར་པའི་སྐོར། ༼1:1-4:12༽
2. དཱ་བིད་ཡེས་ར་ཨེལ་པ་ཡོངས་ཀྱི་རྒྱལ་པོར་གྱུར་པའི་སྐོར། ༼5:1-5༽
3. དཱ་བིད་ཀྱི་རྒྱལ་སྲིད་ལེགས་འགྲུབ་བྱུང་བ་དང་དེའི་གཟི་བརྗིད་ཀྱི་སྐོར། ༼5:6-9:13༽
4. དཱ་བིད་ཀྱིས་རྒྱལ་སྲིད་བསྐྱངས་དུས་ཀྱི་སྐྱོན་དང་ནོར་བ། ༼10:1-20:26༽
5. དཱ་བིད་ཀྱིས་རྒྱལ་སྲིད་བསྐྱངས་པའི་སྐབས་ཀྱི་མཇུག་མཐའི་དགོངས་ཚུལ་སྐོར། ༼21:1-24:25༽
ལེའུ་དང་པོ།
དཱ་བིད་ཀྱིས་རྒྱལ་པོ་སོ་ལོ་དང་ཡོ་ནཱ་ཐན་གཉིས་སྐུ་གཤེགས་པར་མྱ་ངན་བྱས་པ།
1 དེ་ཡང་སོ་ལོ་གྲོངས་རྗེས་དཱ་བིད་ཀྱིས་ཨ་མཱད་ལེག་པ་རྣམས་* འདིར་ཨ་མཱད་ལེག་པ་ཞེས་པ་ནི་ཨེ་སཱབ་ཀྱི་བུ་ཨེ་ལི་ཕཱ་ཟིའི་ཆུན་མ་ཐིམ་ནཱ་ཞེས་པ་ལས་སྐྱེས་ཤིང་། དེའི་བུ་རབས་ཚ་རྒྱུད་རྣམས་ཀྱིས་སྐུ་འདྲ་བསྟེན་པ་ཡིན། བཀོད་པའི་མདོ་ཡི་ལེའུ་སོ་དྲུག་གི་ཚིག་རྐང་བཅུ་གཉིས་ལ་གཟིགས་རོགས། ཕམ་པར་བརྒྱབ་ནས་ཕྱིར་ལོག་སྐབས། དཱ་བིད་ཉིན་གཉིས་ཀྱི་རིང་ཙིག་ལག་དུ་གནས་སོ། ། 2 ལྟོས་དང་། ཉིན་གསུམ་པར། གྱོན་གོས་གཤགས་ཤིང་མགོ་ལ་ས་རྡུལ་གྱིས་གཡོགས་པའི་མི་ཞིག་སོ་ལོའི་དམག་སྒར་ནས་ལོག་འོངས་པ་དང་། དཱ་བིད་ཀྱི་མདུན་དུ་སླེབས་ཏེ་ལུས་སར་བཏུད་ནས་ཕྱག་བཙལ་ཏོ། ། 3 དཱ་བིད་ཀྱིས་དེ་ལ་ཁྱོད་གང་ནས་འོངས་པ་ཡིན་ཞེས་དྲིས་པར། མི་དེས་ཡེས་ར་ཨེལ་གྱི་དམག་སྒར་ནས་བྲོས་འོངས་པ་ཡིན་ཞེས་ཞུས་སོ། ། 4 ཡང་དཱ་བིད་ཀྱིས་དེ་རུ་ཅི་ཞིག་བྱུང་བ་ང་ལ་ཤོད་ཅིག་ཅེས་སྨྲས་པར་མི་དེས། མི་རྣམས་གཡུལ་ས་ནས་བྲོས་ཤིང་དེ་དག་གི་ཁྲོད་ནས་མི་མང་པོ་སར་འགྱེལ་ནས་ཤི་བར་མ་ཟད། སོ་ལོ་དང་དེའི་སྲས་ཡོ་ནཱ་ཐན་གཉིས་ཀྱང་གྲོངས་སོ་ཞེས་ཞུས་པ་ལ། 5 དཱ་བིད་ཀྱིས་འཕྲིན་སྐྱེལ་མཁན་གཞོན་ནུ་དེ་ལ་ཁྱོད་ཀྱིས་སོ་ལོ་དང་དེའི་སྲས་ཡོ་ནཱ་ཐན་གཉིས་གྲོངས་པ་ཅི་ལྟར་ཤེས་པ་ཡིན་ཞེས་དྲིས་པ་ལ། 6 འཕྲིན་སྐྱེལ་མཁན་གཞོན་ནུ་དེས། རི་བོ་གིལ་བོ་ཨ་རུ་ང་རང་སྟེས་དབང་གིས་སོ་ལོ་དང་ཕྲད་དེ་སོ་ལོ་ནི་རང་གི་མདུང་ལ་བརྟེན་ཅིང་ཤིང་རྟ་དང་སྐྱ་དམག་རྣམས་ཀྱིས་ཁོང་གི་རྗེས་འདེད་པ་མཐོང་ངོ་། ། 7 ཡང་ཁོང་གིས་ཕྱི་མིག་བལྟས་ཏེ་བདག་མཐོང་ནས་བོས་པར། བདག་གིས་ང་རང་འདི་རུ་ཡོད་ཞུས་པ་ན། 8 ཁོང་གིས་བདག་ལ་ཁྱོད་སུ་ཡིན་ཞེས་དྲིས་པས། ང་ཨ་མཱད་ལེག་པ་ཡིན་ཞེས་ཞུས། 9 དེ་ནས་ཁོང་གིས་བདག་ལ་ངའི་རྩར་ཤོག་དང་། ང་རང་སོད་ཅིག རྒྱུ་མཚན་བདག་གི་སེམས་ཤིན་ཏུ་སྐྱོ་ནའང་འཆི་བའི་ཐབས་མ་བྱུང་ཞེས་སྨྲས་པའོ། ། 10 དེར་བདག་ཁོང་གི་གཞོགས་སུ་ལངས་ནས་ཁོང་བཀྲོངས་པ་ཡིན་ཏེ། གང་ལ་ཞེ་ན་གལ་ཏེ་ཁོང་སར་འགྱེལ་ཚེ་ཁོང་གསོན་མི་ནུས་པ་ངས་ཤེས་པའི་ཕྱིར་ཡིན། ཁོང་གི་དབུ་ལ་ཡོད་པའི་ཅོད་པན་དང་ཕྱག་ལ་ཡོད་པའི་གདུ་བུ་གཉིས་བླངས་ནས་འདི་རུ་བདག་གི་ཇོ་བོའི་དྲུང་དུ་ཁྱེར་འོངས་པ་ཡིན་ཞེས་པའི་འཕྲིན་ཐོས་སོ། ། 11 དེ་ནས་དཱ་བིད་ཀྱིས་རང་གི་གོས་བླངས་ནས་གཤགས་ཤིང་ཁོ་དང་ལྷན་དུ་ཡོད་པའི་མི་རྣམས་ཀྱིས་ཀྱང་དེ་བཞིན་བྱས་ཏེ། 12 སོ་ལོ་དང་དེའི་སྲས་ཡོ་ནཱ་ཐན། དཀོན་མཆོག་ཡ་ཝཱེའི་འབངས་མི། ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་རྣམས་རལ་གྲིའི་ཁ་ནས་གྲོངས་པས། དཱ་བིད་འཁོར་དང་བཅས་པ་སེམས་སྡུག་ནས་ངུས་ཤིང་དགོང་མོའི་བར་དུ་སྨྱུང་གནས་བསྲུངས་སོ། ། 13 ཡང་དཱ་བིད་ཀྱིས་འཕྲིན་སྐྱེལ་མཁན་གཞོན་ནུ་དེ་ལ་ཁྱོད་གང་གི་མི་ཡིན་ཞེས་དྲིས་པར། དེས་བདག་ནི་བྱེས་པ་ཞིག་གི་བུ་སྟེ་ཨ་མཱད་ལེག་པ་ཞིག་ཡིན་ཞུས་ཤིང་། 14 དཱ་བིད་ཀྱིས་འདི་ལྟར། ཁྱོད་རང་ལག་པ་བརྐྱངས་ནས་དཀོན་མཆོག་ཡ་ཝཱེས་བྱུགས་པ་དེ་དགྲོང་བར་མི་འཇིགས་སམ་ཞེས་དྲིས་པ་དང་། 15 དཱ་བིད་ཀྱིས་གཞོན་ནུ་ཞིག་བོས་ཏེ་ཁྱོད་སོང་ལ་མི་དེ་སོད་ཅིག་ཅེས་བཀའ་བསྩལ་པ་ལ། དེས་ཁོ་ལ་བརྡུངས་ནས་བསད་དོ། ། 16 དཱ་བིད་ཀྱིས་མི་དེར། ཁྱོད་རང་གི་ཁ་ནས་ངས་དཀོན་མཆོག་ཡ་ཝཱེས་བྱུགས་པ་དེ་བཀྲོངས་པ་ཡིན་ཞེས་དཔང་པོ་བྱས་པས་ཁྱོད་ཀྱི་ཁྲག་ནི་རང་གི་མགོ་ལ་འབབ་དགོས་ † འདི་ནི་སུ་ཞིག་གིས་མི་བསད་ན་དེའི་ཉེས་པ་རང་གིས་འཁུར་དགོས་ཞེས་པའི་དོན་ཡིན། ཞེས་སྨྲས་སོ། །
དཱ་བིད་ཀྱིས་སོ་ལོ་དང་ཡོ་ནཱ་ཐན་གཉིས་ཀྱི་ཆེད་དུ་སྐྱོ་གླུ་བྲིས་པ།
17 ཡང་དཱ་བིད་ཀྱིས་སོ་ལོ་དང་དེའི་སྲས་ཡོ་ནཱ་ཐན་གཉིས་ཀྱི་ཕྱིར་སྐྱོ་གླུ་འདི་བྲིས་ཤིང་། 18 གཞུ་མོ་ཞེས་པའི་མགུར་མ་དེ་ནི་ཡ་ཧུ་དཱ་པ་རྣམས་ཀྱིས་སློབ་དགོས་པར་ཁོང་གིས་བསྐུལ་ཞིང་མགུར་མ་དེ་བདེན་པའི་གླེགས་བམ་ནང་བཀོད་ཡོད་དོ། ། 19 ཀྱེ་མ་ཡེས་ར་ཨེལ་ལགས་ཁྱོད་ཚོ་ཡི། །གཟི་བརྗིད་ཅན་ནི་མཐོ་སར་བཀྲོངས་འདུག་སྟེ། །དཔའ་བོ་ཆེན་པོ་དེ་ཉིད་འགྱེལ་བ་ཅི། ། 20 ཕེ་ལེ་ཤེད་པའི་མཚན་སྐྱི་མ་བཅད་པའི། །ཚོགས་ལས་བྱུང་བའི་བུ་མོ་རྣམས་ཀྱིས་ནི། །དགའ་མགུ་རང་ཞིང་སྤྲོ་བ་མི་གཏོང་ཕྱིར། །གཱད་ཀྱི་ཡུལ་ལ་སྨྲ་བར་མི་བྱ་འོ། །ཨ་ཤཱ་ཀེ་ལོན་སྲང་དུ་སྐད་མ་རྒྱག ། 21 ཀྱེ་མ་གིལ་བོ་ཨ་ཡི་རི་བོ་རྣམས། །ཁྱོད་ལ་ཆར་ཟིལ་འབབ་པར་མ་གྱུར་ཅིག །ཞིང་ལས་མཆོད་རྫས་འཐོན་པར་མ་གྱུར་ཅིག །དཔའ་བོའི་ཕུབ་ནི་དེ་རུ་བརྫད་ཅིང་དོར། །སོ་ལོའི་ཕུབ་ལ་སྣུམ་གྱིས་མ་བྱུགས་ཕྱིར། ། 22 བསད་པའི་ཁྲག་དང་དཔའ་བོའི་ཚིལ་བུ་ལས། །ཡོ་ནཱ་ཐན་གྱི་མདའ་གཞུ་ཕྱིར་མ་འཐེན། །སོ་ལོའི་རལ་གྲི་སྟོང་བར་ལོག་མ་སོང་། ། 23 སོ་ལོ་དང་ནི་ཡོ་ནཱ་ཐན་ཁོང་གཉིས། །གསོན་དུས་གཞན་གྱིས་བྱམས་ཤིང་བློ་ལ་བབས། །གྲོངས་པའི་སྐབས་སུ་ཕན་ཚུན་བྲལ་མ་གྱུར། །ཁོང་གཉིས་གླག་ལས་མགྱོགས་མྱུར་ལྡན་པ་དང་། །སེང་གེ་ལས་ཀྱང་ངར་ཤུགས་ལྡན་པ་འོ། ། 24 ཀྱེ་ཀྱེ་ཡེས་ར་ཨེལ་གྱི་བུད་མེད་རྣམས། །སོ་ལོ་ཁོང་གི་ཕྱིར་དུ་ངུ་བར་གྱིས། །ཁོང་གིས་ཁྱོད་ལ་གྱོན་གོས་རྒྱ་སྨུག་བསྐོན། །ཁྱོད་ཀྱི་ཕྱི་གོས་གསེར་གྱི་རྒྱན་ཆས་བརྒྱན། ། 25 དཔའ་བོ་དེ་དག་གཡུལ་སར་ཇི་ལྟར་གཤེགས། །ཡོ་ནཱ་ཐན་ནི་མཐོ་སར་ཇི་ལྟར་བཀྲོངས། ། 26 ཀྱེ་ཀྱེ་ང་ཡི་སྤུན་ཟླ་ཡོ་ནཱ་ཐན། །ཁྱོད་ཀྱི་དོན་དུ་ང་ལ་སྡུག་བསྔལ་ཆེ། །ཁྱོད་ལ་ངའི་སེམས་རབ་ཏུ་འཕྲེང་བ་ཡིན། །ཁྱོད་ཀྱིས་ང་ལ་བཅངས་པའི་བརྩེ་བ་ནི། །བུད་མེད་ལས་ཀྱང་ལྷག་པར་ཟབ་པ་འོ། ། 27 ཀྱི་ཧུད་དཔའ་བོ་ཇི་ལྟར་གཤེགས་པ་དང་། །དམག་ཆས་རྣམས་ནི་ཇི་ལྟར་ཡལ་བ་ཡིན། །ཞེས་པའོ། །
*ལེའུ་དང་པོ།:1 འདིར་ཨ་མཱད་ལེག་པ་ཞེས་པ་ནི་ཨེ་སཱབ་ཀྱི་བུ་ཨེ་ལི་ཕཱ་ཟིའི་ཆུན་མ་ཐིམ་ནཱ་ཞེས་པ་ལས་སྐྱེས་ཤིང་། དེའི་བུ་རབས་ཚ་རྒྱུད་རྣམས་ཀྱིས་སྐུ་འདྲ་བསྟེན་པ་ཡིན། བཀོད་པའི་མདོ་ཡི་ལེའུ་སོ་དྲུག་གི་ཚིག་རྐང་བཅུ་གཉིས་ལ་གཟིགས་རོགས།
†ལེའུ་དང་པོ།:16 འདི་ནི་སུ་ཞིག་གིས་མི་བསད་ན་དེའི་ཉེས་པ་རང་གིས་འཁུར་དགོས་ཞེས་པའི་དོན་ཡིན།