༄༅། །པའུ་ལུ་ཡིས་ཐེ་ས་ལོ་ནི་ཀེ་པར་བྲིས་པའི་འཕྲིན་ཡིག་དང་པོ་བཞུགས་སོ། །
འགོ་བརྗོད།
རྩོམ་པ་པོ། སྐུ་ཚབ་པའུ་ལུ།
རྩོམ་དུས། སྤྱི་ལོ་50 གཡས་གཡོན་ལ་བྲིས། (ལོ་རྒྱུས་དོན་ཆེན་རེའུ་མིག་ལ་གཟིགས་)
རྩོམ་རིག་གི་རྣམ་གྲངས། འཕྲིན་ཡིག
ཐོག་མའི་ཀློག་མཁན། ཐེ་ས་ལོ་ནི་ཀེ་གྲོང་ཁྱེར་ལ་སྡོད་མཁན་མཱ་ཤི་ཀ་པ་རྣམས། (ཐེ་ས་ལོ་ནི་ཀེ་གྲོང་ཁྱེར་ནི་དེང་སྐབས་ཀྱི་གྷི་རིག་རྒྱལ་ཁབ་ཀྱི་བྱང་ཕྱོགས་སུ་ཆགས་ཡོད་)
ནང་དོན་གཙོ་བོ། སྐུ་ཚབ་པའུ་ལུ་གནའ་རབས་ཀྱི་ཐེ་ས་ལོ་ནི་ཀེ་གྲོང་ཁྱེར་ལ་ཆོས་སྟོན་སྐབས་ངོ་རྒོལ་ཤུགས་ཆེན་བྱུང༌། སྐུ་ཚབ་པའུ་ལུ་དང་ཁོང་གི་ལས་རོགས་བྲོས་དགོས་བྱུང་ཡང༌། ཐེ་ས་ལོ་ནི་ཀེ་གྲོང་ཁྱེར་གྱི་མཱ་ཤི་ཀ་པ་རྣམས་ལ་སེམས་གསོ་གཏོང་བའི་ཕྱིར་པའུ་ལུ་ཡིས་རང་གི་ལས་རོགས་ཐི་མོ་ཐེ་གྲོང་ཁྱེར་དེ་ལ་བཏང༌། ཐི་མོ་ཐེ་ཕྱིར་ལོག་པའི་རྗེས་སུ་ཁོང་གིས་སྐུ་ཚབ་པའུ་ལུ་ལ་ཐེ་ས་ལོ་ནི་ཀེ་པའི་དད་པ་དང་བྱམས་སེམས་ཀྱི་གཏམ་བཟང་བཤད་དེ། ཁོ་རྣམས་ལ་བློ་སྒོ་འབྱེད་ཅིང༌། ཁོ་ཚོའི་འདྲི་བར་ལན་འདེབས་ཆེད་སྐུ་ཚབ་པའུ་ལུ་ཡིས་འཕྲིན་ཡིག་འདི་བྲིས། འཕྲིན་ཡིག་གི་མཇུག་ཏུ་ཁོང་གིས་“རྟག་ཏུ་དགའ་བར་གྱུར་ཅིག རྒྱུན་ཆད་མེད་པར་སྨོན་ལམ་ཐོབ་ཅིང༌། གནས་ཚུལ་གང་ལའང་བཀའ་དྲིན་ཆེ་ཞུས། དེ་ནི་ཁྱེད་ཕྱིར་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ངང་ནས་དཀོན་མཆོག་གི་དགོངས་པ་ཡིན་ནོ་”ཞེས་བྲིས།
ལེའུ་དང་པོ།
འཚམས་འདྲི།
1 པའུ་ལུ་དང་སིལ་ཝ་ནུ། ཐི་མོ་ཐེ་གསུམ་གྱིས་ཐེ་ས་ལོ་ནི་ཀེ་གྲོང་ཁྱེར་དུ་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཆོས་ཚོགས་ལ་འཕྲིན་ཡིག་འདི་ཕུལ་ལོ། ཐུགས་རྗེ་དང་ཞི་བདེ་ཁྱེད་རྣམས་ལ་ལྡན་པར་གྱུར་ཅིག
ཐེ་ས་ལོ་ནི་ཀེའི་མི་རྣམས་ལ་བསྟོད་པ།
2 ང་ཚོས་སྨོན་ལམ་ག་དུས་འདེབས་ཀྱང་ཁྱེད་ཚོ་ཚང་མའི་ཕྱིར་དཀོན་མཆོག་ལ་ཐུགས་རྗེ་ཆེ་རྟག་ཏུ་ཞུ། 3 ང་ཚོའི་ཡབ་དཀོན་མཆོག་གི་དྲུང་དུ་ཁྱེད་ཚོའི་དད་པ་ལས་སྐྱེས་པའི་ལས་ཀ་དང༌། བྱམས་སེམས་ལས་སྐྱེས་པའི་ངལ་རྩོལ་དང༌། རེ་བ་ལས་སྐྱེས་པའི་བཟོད་སྒོམ་བཅས་ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་སྒོ་ནས་རྒྱུན་མི་ཆད་པར་དྲན་ནོ། 4 དཀོན་མཆོག་གི་གཅེས་པའི་སྤུན་ཟླ་རྣམས། ཁོང་གིས་ཁྱེད་ཚོ་བསྐོས་པ་ཡིན་པར་ང་ཚོས་ཤེས། 5 གང་ཡིན་ཞེ་ན། ང་ཚོའི་འཕྲིན་བཟང་ནི་ཁྱེད་ཀྱི་ཁྲོད་དུ་གཏམ་བརྗོད་འབའ་ཞིག་མ་ཡིན་ཏེ། ནུས་མཐུ་དང༌། དམ་པའི་ཐུགས་ཉིད། ཡིད་ཆེས་ངེས་པ་རྙེད་པ་བཅས་ཀྱིས་སླེབས་པས་སོ། ཁྱེད་ལ་ཕན་པའི་ཕྱིར་ང་ཚོའི་སྤྱོད་ལམ་ཇི་ལྟར་ཡིན་ཁྱེད་ཀྱིས་ཤེས། 6 ཁྱེད་ཚོ་ནི་ངེད་རྣམས་དང་གཙོ་བོ་ཡེ་ཤུར་དཔེ་བལྟས་ཏེ། སྡུག་བསྔལ་ཆེན་པོ་མྱོང་ཡང་དམ་པའི་ཐུགས་ཉིད་ལས་བྱུང་བའི་དགའ་སྤྲོའི་ངང་ནས་འཕྲིན་བཟང་དང་ལེན་བྱས་པས། 7 ཁྱེད་ཚོས་མ་ཀེ་དོན་ཡཱ་དང་ཨ་ཀ་ཡཱ་ཡུལ་གཉིས་ཀྱི་དད་པ་བྱེད་མཁན་ཚང་མར་མིག་དཔེ་གནང༌། 8 གཙོ་བོའི་བཀའ་ཁྱེད་རྣམས་ཀྱི་ཁྲོད་ནས་མ་ཀེ་དོན་ཡཱ་དང་ཨ་ཀ་ཡཱ་ཡུལ་ལ་དར་བ་མ་ཟད་ཁྱེད་ཚོས་དཀོན་མཆོག་ལ་དད་པ་བྱེད་པའི་ལོ་རྒྱུས་ཕྱོགས་ཀུན་ཏུ་གྲགས་པས། ང་ཚོས་དེའི་སྐོར་ལ་ཅིའང་ཟེར་མི་དགོས། 9 ཡུལ་མི་ཉིད་ཀྱིས་ང་ཚོའི་འཚམས་འདྲི་བྱས་པའི་སྐོར་གཏམ་སྨྲས་ཏེ། ཁྱེད་ཚོས་ཇི་ལྟར་བདེན་ཞིང་ངོ་མཚར་བའི་མཛད་པ་སྒྲུབ་མཁན་དཀོན་མཆོག་ལ་ཞབས་ཕྱི་བྱེད་པའི་ཕྱིར་ལྷ་སྐུ་སྤངས་ནས་དཀོན་མཆོག་ལ་བསྙེན་བཀུར་ཞུས་པ་དང༌། 10 དཀོན་མཆོག་གི་ཞིང་ཁམས་ནས་དཀོན་མཆོག་གི་སྲས་ཕེབས་རྒྱུར་རེ་སྒུག་བྱེད་ཅིང༌། སྲས་དེ་ནི་དཀོན་མཆོག་གིས་འཆི་བ་ལས་སླར་གསོན་དུ་མཛད་པའི་གཙོ་བོ་ཡེ་ཤུ་དེ་ཡིན། ཁོང་གིས་མི་རྣམས་སྡིག་ཉེས་བྱས་པའི་རྐྱེན་གྱིས་དཀོན་མཆོག་གི་མ་འོངས་པའི་ཐུགས་ཁྲོ་ལས་ང་ཚོ་སྐྱོབ་པར་མཛད་དོ། །