ལེའུ་གཉིས་པ།
མཱ་ཤི་ཀ་ནི་ང་ཚོའི་ཞུ་བ་ཕུལ་མཁན་ཡིན།
ངའི་གཅེས་པའི་ཕྲུ་གུ་རྣམས། ཁྱོད་ཚོས་སྡིག་པའི་ལས་མི་བྱེད་པའི་ཕྱིར་ངས་དོན་འདི་རྣམས་འབྲི། འོན་ཀྱང་མི་སུ་ཞིག་གིས་སྡིག་པའི་ལས་བྱས་ན་ཡབ་དཀོན་མཆོག་གི་དྲུང་དུ་ངེད་རྣམས་ལ་ཞུ་བ་ཕུལ་མཁན་ཅིག་ཡོད་དེ་ཁོང་ནི་ཡེ་ཤུ་མཱ་ཤི་ཀ་ཡང་དག་པ་དེ་ཡིན། ཁོང་ཉིད་དཀོན་མཆོག་གི་ཐུགས་ཁྲོ་ལས་ཐར་བའི་དམར་མཆོད་ཡིན་ཏེ། ཁོང་གིས་བློས་བཏང་བས་ང་ཚོ་ཙམ་མ་ཟད་འཇིག་རྟེན་ཀུན་གྱི་སྡིག་ཉེས་སེལ་ལོ། གལ་ཏེ་ངེད་རྣམས་ཀྱིས་ཁོང་གི་བཀའ་ཁྲིམས་བསྲུངས་ན་ཁོང་ངོ་ཤེས་པར་ངེས་པ་རྙེད། ངས་ཁོང་ངོ་ཤེས་ཞེས་ཟེར་མཁན་གྱིས་ཁོང་གི་བཀའ་ཁྲིམས་མ་བསྲུངས་ན་རྫུན་ཤོད་མཁན་ཡིན་ཞིང་ཁོ་ལ་བདེན་པ་མེད། 5-6 འོན་ཀྱང་གལ་ཏེ་སུ་ཞིག་གིས་ཁོང་གི་བཀའ་བསྲུངས་ན། མི་དེའི་སྟེང་དུ་དཀོན་མཆོག་གི་བྱམས་པ་ཡོངས་སུ་རྫོགས་པར་གྱུར་བར་ངེས་སོ། མི་སུ་ཞིག་གིས་ཁོང་གི་ནང་ན་གནས་ཡོད་ཅེས་ཟེར་ན་དེས་ཡེ་ཤུའི་སྤྱོད་ལམ་བཞིན་དུ་གནས་པར་བྱེད་དགོས། དེ་བརྒྱུད་ང་ཚོ་ཁོང་གི་ནང་ན་གནས་ཡོད་པ་ངེས་པར་དུ་ཤེས།
བཀའ་གསར་པ།
ངའི་གཅེས་པ་རྣམས། ངས་ཁྱོད་རྣམས་ལ་བཀའ་གསར་པ་མི་འབྲི་སྟེ། སྔར་ནས་ཁྱོད་ཚོར་ཡོད་པའི་བཀའ་རྙིང་པ་ཞིག་ཡིན། དེ་ནི་ཁྱོད་རྣམས་ཀྱིས་ཐོས་མྱོང་བའི་བཀའ་དེ་ཡིན། འོན་ཀྱང་ངས་ཁྱོད་རྣམས་ལ་འབྲི་བཞིན་པའི་བཀའ་དེ་གསར་པའང་ཡིན། དེའི་བདེན་པ་ཡེ་ཤུ་དང་ཁྱོད་གཉིས་ལ་སྟོན། གང་ཡིན་ཟེར་ན། མུན་པ་འདའ་ཞིང་བདེན་པའི་འོད་འཕྲོ་བཞིན་ཡོད་པས་སོ། སུས་ཀྱང་ང་འོད་ཀྱི་ནང་ན་ཡོད་ཅེས་ཟེར་ནས་སྤུན་ཟླར་སྡང་ན་ད་དུང་མུན་པར་གནས།* 2:9 སྤུན་ཟླ་ནི་གཙོ་བོ་ཡེ་ཤུ་ལ་དད་ལྡན་རྣམས་ཡིན། 10 སྤུན་ཟླར་བྱམས་པ་བྱེད་མཁན་འོད་ལ་གནས་ཞིང༌། ཁོ་ལ་བསླུ་བྲིད་ཀྱི་རྒྱུ་རྐྱེན་ཅིའང་མེད། 11 འོན་ཀྱང་སྤུན་ཟླར་སྡང་མཁན་མུན་པའི་ནང་ལ་ཡོད་ཅིང་མུན་པར་འཚོ། མུན་པས་ཁོའི་མིག་ལོང་བར་བྱས་པས་ཁོས་འགྲོ་བའི་ལམ་མི་ཤེས།
12 ང་ཡིས་ཕྲུ་གུ་རྣམས་ལ་འབྲི། །
ཁྱེད་ཚོའི་སྡིག་ཉེས་མཐའ་དག་ནི། །
ཡེ་ཤུའི་མཚན་ནས་སེལ་བའི་ཕྱིར། །
13 ང་ཡིས་ཕ་ཡི་མཆོག་ལ་འབྲི། །
ཐོག་མ་ཉིད་ནས་ཡོད་པའི་ཁོང༌། །
སུ་ཡིན་ཁྱེད་ཚོས་ཤེས་པས་སོ། །
ང་ཡིས་གཞོན་ནུ་རྣམས་ལ་འབྲི། །
ཁྱེད་ཚོས་བདུད་ཀྱི་རྒྱལ་པོ་ལས། །
རྣམ་པར་རྒྱལ་བར་བྱས་པས་སོ། །
ང་ཡིས་ཕྲུ་གུ་རྣམས་ལ་འབྲི། །
ཡབ་ཆེན་ངོ་ཤེས་བྱུང་བས་སོ། །
14 ང་ཡིས་ཕ་ཡི་མཆོག་ལ་འབྲི། །
ཐོག་མ་ཉིད་ནས་ཡོད་པའི་ཁོང༌། །
སུ་ཡིན་ཁྱེད་ཚོས་ཤེས་པས་སོ། །
ང་ཡིས་གཞོན་ནུ་རྣམས་ལ་འབྲི། །
ཁྱེད་ཚོར་སྟོབས་ཤུགས་ཆེར་ལྡན་ལ། །
སེམས་སུ་དཀོན་མཆོག་བཀའ་གནས་ཤིང༌། །
བདུད་ལས་རྣམ་པར་རྒྱལ་བས་སོ། །
15 འཇིག་རྟེན་འདིའམ་འདིའི་ནང་ན་གང་ཡོད་པར་མ་ཆགས་ཤིག གལ་ཏེ་སུ་ཞིག་གིས་འཇིག་རྟེན་འདི་ལ་ཆགས་ན་ཡབ་དཀོན་མཆོག་ལ་བརྩེ་བ་དེ་ཁོ་ལ་མེད་དོ། 16 གང་ཡིན་ཞེ་ན། འཇིག་རྟེན་འདི་ལ་ཡོད་པ་ཐམས་ཅད་དེ། ལུས་ཀྱི་འདོད་ཆགས། མིག་གི་འདོད་པ། ནོར་ལས་འབྱུང་བའི་ང་རྒྱལ་བཅས་ནི་ཡབ་ལས་མི་འབྱུང་བར་འཇིག་རྟེན་འདི་ལས་འབྱུང༌། 17 འཇིག་རྟེན་འདི་དང་དེའི་འདོད་ཆགས་འདའ་བཞིན་ཡོད། འོན་ཀྱང་དཀོན་མཆོག་གི་དགོངས་པ་བཞིན་དུ་སྒྲུབ་མཁན་རྒྱུན་དུ་གནས།
མཱ་ཤི་ཀའི་བསྟན་དགྲ།
18 ཕྲུ་གུ་རྣམས། ད་ལྟ་དུས་ཀྱི་མཐའ་མ་ཡིན། ཁྱོད་རྣམས་ཀྱིས་ཐོས་པ་བཞིན་མཱ་ཤི་ཀའི་བསྟན་དགྲ་ཡོང་བར་འགྱུར། ད་ཆ་མཱ་ཤི་ཀའི་བསྟན་དགྲ་མང་པོ་ཐོན་པས། ངེད་རྣམས་ཀྱིས་དུས་མཐའ་མ་ཡིན་པར་ཤེས་སོ། 19 དེ་རྣམས་ང་ཚོ་ལས་ཐོན་པས། ང་ཚོའི་ཁོངས་གཏོགས་གཏན་ནས་མིན། གལ་ཏེ་ང་ཚོའི་ཁོངས་གཏོགས་ཡིན་ན་ང་ཚོ་མཉམ་དུ་གནས་པ་ཡིན། འོན་ཀྱང་ང་ཚོ་ལས་འཐོན་པའི་སྒོ་ནས་ཁོ་ཚོ་ཐམས་ཅད་ཀྱིས་ང་ཚོའི་ཁོངས་གཏོགས་མིན་པར་སྟོན། 20 ཡང་དམ་པ་དེས་དམ་པའི་ཐུགས་ཉིད་ཀྱི་དབང་ཁྱོད་ཚོར་གནང་བས་ཁྱོད་ཚོ་ཐམས་ཅད་ཀྱིས་བདེན་པ་ཤེས། 21 ཁྱེད་ཚོས་བདེན་པ་མི་ཤེས་པའི་རྐྱེན་གྱིས་ངས་འབྲི་བ་མིན་ཏེ། ཁྱེད་ཚོས་བདེན་པ་ཤེས་ཤིང་རྫུན་གང་ཡང་བདེན་པ་ལས་མི་འབྱུང་བ་ཤེས་པས་ངས་ཁྱེད་ཚོར་འབྲི། 22 རྫུན་ཤོད་མཁན་སུ་ཡིན། ཡེ་ཤུ་ནི་མཱ་ཤི་ཀ་མ་ཡིན་ཞེས་ཟེར་མཁན་དེ་ཡིན། མི་དེ་ཡབ་སྲས་གཉིས་ཁས་ལེན་མི་བྱེད་པ་ཞིག་ཡིན་པས་མཱ་ཤི་ཀའི་བསྟན་དགྲ་ཡིན། 23 སྲས་ཁས་ལེན་མི་བྱེད་པ་ལ་ཡབ་ཀྱང་མེད། སྲས་ཁས་ལེན་བྱེད་པ་ལ་ཡབ་ཀྱང་ཡོད། 24 ཁྱོད་ཀྱིས་སྔར་ནས་གང་ཐོས་པ་དེ་སེམས་ལ་གནས་པར་འགྱུར་ཞིག སྔར་ནས་གང་ཐོས་པ་དེ་ཁྱེད་ཚོའི་ནང་ལ་གནས་ན། ཁྱེད་ཚོའང་སྲས་དང་ཡབ་མཉམ་དུ་གནས་པར་འགྱུར། 25 ཁོང་གིས་ང་ཚོར་ཞལ་ཆད་གང་གནང་བ་དེ་ནི་དཔག་ཏུ་མེད་པའི་ཚེ་ཡིན། 26 ཁྱེད་ཚོ་མགོ་སྐོར་གཏོང་འདོད་མཁན་རྣམས་ལ་དམིགས་ནས་ངས་དོན་འདི་ཚོ་འབྲི། 27 ཡང་མཱ་ཤི་ཀ་ནས་ཐོབ་པའི་དམ་པའི་ཐུགས་ཉིད་ཀྱི་དབང་ནི་ཁྱེད་ཚོའི་སེམས་ལ་གནས་པས། སུས་ཀྱང་ཁྱེད་ཚོར་སློབ་མི་དགོས། གང་ཡིན་ཞེ་ན། དམ་པའི་ཐུགས་ཉིད་ཀྱིས་ཁྱེད་ཚོར་དོན་ཐམས་ཅད་ཀྱི་སྐོར་གསུང་ཞིང༌། ཁོང་གི་གསུང་ནི་རྫུན་མིན་ཏེ་བདེན་པ་ཡིན་པས་ཁོང་གིས་གསུངས་པ་བཞིན་ཁོང་གི་ནང་ལ་གནས་པར་གྱིས་ཤིག
དཀོན་མཆོག་གི་སྲས་དང་སྲས་མོ།
28 ད་གཅེས་པའི་ཕྲུ་གུ་རྣམས། ཁོང་མངོན་པར་འགྱུར་བའི་ཚེ་ཁོང་གི་དྲུང་དུ་ང་ཚོ་ཡིད་རྟོན་དང་ལྡན་ཏེ་ཁོང་ཕེབས་པར་ངོ་གནོངས་མི་དགོས་པའི་ཆེད་དུ་ཁོང་གི་ནང་ལ་གནས་པར་གྱིས་ཤིག 29 ཁོང་ཡང་དག་པ་ཡིན་པར་ཁྱེད་ཀྱིས་ཤེས་པས་ཡང་དག་པའི་ལས་བྱེད་མཁན་ཐམས་ཅད་ཁོང་ལས་སྐྱེས་པ་ཡིན་པར་ཡང་ཤེས་སོ། །

*ལེའུ་གཉིས་པ།:9 2:9 སྤུན་ཟླ་ནི་གཙོ་བོ་ཡེ་ཤུ་ལ་དད་ལྡན་རྣམས་ཡིན།